R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢བ
[A:༧༢བ]སེལ་བ་ནི། ཞལ་བཞི་པའི་སྔགས་ལས་ཚོགས་དང་བཅས་པ། གསུམ་པ་གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པ་ནི། ལས་བཞིའི་སྦྱིན་སྲེག་གོ །རྫོགས་པའི་རིམ་པ་ལ། ནག་པོ་པའི་ལུགས་ལྟར་ན་གསང་འདུས་དང་ཐུན་མོང་བའི་རྫོགས་རིམ་གསང་བའི་དེ་ཁོ་ན་ཉིད། ཀྱཻ་རྡོར་དང་ཐུན་མོང་བ་ཨོ་ལ་པ་ཏི། འདི་རང་གི་ཐུན་མོང་མ་ཡིན་པ་དཔྱིད་ཀྱི་ཐིག་ལེ། རྩ་དབུ་མ་ལཱུ་ཧི་པ་ལ་སྦྱར་ན་དེ་ཉིད་དང་། རྣལ་འབྱོར་མས་ཁ་ཆེ་པཎ་ཆེན་ལ་དངོས་སུ་གནང་བའི་བདེ་མཆོག་དཀར་པོའི་ཁྲིད་ལྟ་བུ་ལཱུ་ཧི་པའི་རྫོགས་རིམ། དྲིལ་བུ་པའི་ལུགས་ཀྱི་རྫོགས་རིམ་དྲིལ་བུ་རིམ་ལྔ་རྣམས་སོ། །དེ་ལྟར་བསླབ་བྱ་གཉིས་ལ་བསླབས་ནས་གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་བར་གསུངས་པའི་སྤྱོད་པ་གཉིས་ལ་རང་དོན་གྱི་སྤྱོད་པ་གཉིས། རང་དོན་ལ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དང་གསུམ་མོ། །དེ་ལྟར་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་བས་འབྲས་བུ་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ཐོབ་པར་འགྱུར་བ་སྟེ། ཐུན་མོང་གི་དངོས་གྲུབ་ལ། མིག་སྨན་དང་ཞི་རྒྱས་སོགས། འབྲིང་གྲུབ་ཆེན་བརྒྱད། མཆོག་གི་དངོས་གྲུབ་ནི་སྐུ་བཞི་ཡེ་ཤེས་ལྔ་ལྡན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་དམ་པ་དེའོ། །དེ་དག་ནི་གྲུབ་ཆེན་ལཱུ་ནག་དྲིལ་གསུམ་གྱིས་ལེགས་པར་བཀྲལ་བའི་ལམ་སྲོལ་རྣལ་འབྱོར་གསང་མཐར་གྲགས་པའི་ལམ་གྱི་རིམ་པ་མདོར་བསྡུས་ཏེ་བཀོད་པ་ཡིན་ནོ། །ལྔ་པ་ལམ་དེ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པ་ནི། བརྒྱུད་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་སྟོན་པ་ཧེ་རུ་ཀའམ་རྡོ་རྗེ་འཆང་ཆེན་པོ་སྟེ། འདི་ནི་རྩ་རྒྱུད་ལས་སེམས་ཅན་རྗེས་