R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣ན
[A:༧༣ན]སུ་གཟུང་བའི་ཕྱིར། །ང་ནི་འདི་རུ་རྟག་ཏུ་གནས། །ཞེས་གསུངས་པ་ལྟར། འཛམ་བུ་གླིང་གི་ཡུལ་ཉི་ཤུ་རྩ་བཞི་ན་དངོས་སུ་བཞུགས་ཤིང་། ཁྱད་པར་དུ་ཆོས་འདི་ཉམས་སུ་ལེན་པ་པོའི་བསྒྲུབ་པ་པོ་གང་དུ་གནས་པར་མངོན་སུམ་དུ་བཞུགས་ནས་རྒྱུད་བྱིན་གྱིས་རློབ་པར་བྱེད་པ་ཡིན་ལ། སྟོན་པ་དེས་དྲང་དོན་དུ་རྒྱུན་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་དང་། ངེས་དོན་དུ་སྟོན་པ་ཉིད་དང་དབྱེར་མེད་པ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་མཛོད་འཛིན་པ་དཔལ་ཕྱག་ན་རྡོ་རྗེ་སྟེ་འདིའི་མཚན་བརྒྱ་རྩ་བརྒྱད་ཐོས་པས་བཀླགས་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་གི་གཡང་ལས་སྐྱོབ་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །དེ་ཉིད་ཀྱིས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་ནས་ཡང་དག་པའི་གདམས་ངག་གནང་བ་ནི་སློབ་དཔོན་ཆེན་པོ་ས་ར་ཧ་ཞེས་པ་སྟེ། འདི་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེའི་རིགས་མཆོག་ཏུ་གྱུར་པར་འཁྲུངས་ཤིང་། རིག་པའི་གནས་བཅོ་བརྒྱད་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་སོགས་རིག་བྱེད་བཞིའི་ཕ་རོལ་ཏུ་སོན་པ་ཞིག་ཡིན་ལ། དེ་ལོ་བཅུ་བདུན་ལོན་པའི་ཚེ། ནམ་མཁའ་ལས། བྲམ་ཟེའི་ཁྱེའུ་ཁྱོད་འདི་ན་ཅི་བྱེད། ཕྱག་རྒྱ་ཆེན་པོར་སོང་ཞིག་ཅེས་པའི་སྒྲ་ཞིག་བྱུང་སྟེ། དེས་ཐོས་མ་ཐག་རྟོགས་པ་མཆོག་ཏུ་གྱུར་ནས་བྲམ་ཟེའི་བྱ་བ་བཏང་སྟེ། དཔལ་གྱི་རི་ལ་སོང་བས། དེར་ཕྱག་ན་རྡོ་རྗེས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་རྒྱུད་མཐའ་དག་གི་ལུང་བྱིན་ནས་དངོས་གྲུབ་ཀྱི་མཆོག་ཐོབ་སྟེ། དཔལ་གྱི་རི་དེར་ལོ་བརྒྱ་ཕྲག་འགའ་བཞུགས། མཚན་ས་ར་ཧ་ཞེས་གྲགས། དེ་ཡང་ས་ནི་བཅས་པ། ར་ཧ་