[A:༧༣བ]ནི་དགའ་བ་སྟེ་དགའ་བ་དང་བཅས་པ་ཞེས་བྱ་ལ་དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དེར་སེམས་ཅན་གྱི་དོན་གྱི་ཕྱིར་མདའ་མཁན་གྱི་ཆ་ལུགས་ཀྱིས་ལོ་བརྒྱ་ཕྲག་འགའ་བཞུགས་ཏེ་ས་ར་ཧ་ཞེས་གྲགས། དེ་ཡང་ས་ར་ནི་མདའ་ཡིན་ལ། ཧ་ནི་བསྣུན་པ་སྟེ་མདའ་བསྣུན་ཞེས་པའོ། །དེ་ནས་དཔལ་ན་ལེནྟྲར་འཕགས་པ་གནས་བརྟན་པའི་སྡེར་རབ་ཏུ་བྱུང་བའི་མཚན་ར་ཧུ་ལ་བྷ་དྲ་སྟེ་སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་ལ། དེར་པཎྜི་ཏའི་ཆ་ལུགས་བཟུང་ནས་མཁན་པོ་མཛད་ནས་ལོ་བརྒྱ་ཕྲག་འགའ་བཞུགས། དེ་ནས་རབ་ཏུ་བྱུང་བའི་རྟགས་བོར་ནས་རྣལ་འབྱོར་པ་ཆེན་པོར་ཁས་བླངས་སྟེ་སེམས་ཅན་གྱི་དོན་མཛད་ཅིང་ལོ་བརྒྱ་ཕྲག་འགའ་བཞུགས་པ་སྟེ། ཡོངས་སུ་བསྡོམས་པས་འཛམ་བུ་གླིང་དུ་ལོ་བརྒྱ་ཕྲག་བཅོ་བརྒྱད་བཞུགས་ནས་ཕྱག་རྒྱ་ཆེན་པོར་བཞུད་དོ་ཞེས་གྲགས་སོ། །ལོ་རྒྱུས་ཁ་ཅིག་ལས། ཡི་དྭགས་ཀྱི་དོན་དུ་ལུས་བོར་ནས་སྤུར་སྦྱངས་པའི་དུད་པས་ཡི་དྭགས་ཐམས་ཅད་གྲོང་སྟོང་སྟེ་ལྷའི་འཇིག་རྟེན་དུ་སྐྱེས་ཞེས་པ་ཡང་གྲགས་སོ། །དེས་རྗེས་སུ་བཟུང་ཞིང་གདམས་པ་གནང་བ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་བ། རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ། སྟོང་ཉིད་སྨྲ་བའི་སེང་གེར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་ཡིན་ལ་དེ་ཡང་རྒྱ་གར་ལྷོ་ཕྱོགས་བཻ་ཏའི་ཡུལ་ན་བྲམ་ཟེ་གཙུག་ཕུད་ཅན་ཞེས་བྱ་བ་ལ་བུ་མེད་པར། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཟེར་བ་རྨིས་ནས་དེ་ལྟར་བྱས་པས་བུ་ཞིག་བྱུང་བ། བྲམ་ཟེ་མཚན་མཁན་ལ་བསྟན་པ་ན། འདི་ལ་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར། ཐབས་ཅི་རིགས་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་