R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤ན
[A:༧༤ན]སྟོན་དྲངས་ན་ཟླ་བ་བདུན་འཚོ་ཟེར། དེ་ནས་ཡང་བྲམ་ཟེ་རྣམས་བསགས་ནས་རྩིས་བྱས་པས་སླར་ཡང་དགེ་སློང་བརྒྱ་ལ་ཆོས་སྟོན་བྱས་ན་ལོ་བདུན་འཚོ་ཟེར། དེ་བཞིན་བྱས་ནས་སླར་ཡང་རྩིས་བྱས་པས་བྲམ་ཟེ་དག་ན་རེ། ད་ནི་ཐབས་མེད་དོ་ཟེར་བ་ན། དེ་ནས་ཕ་མ་རྣམས་ཀྱིས་ལོ་བདུན་དུ་ཉེ་བ་ན། འདི་ལྟ་བུའི་རིགས་དང་། གཟུགས་དང་། ཤེས་རབ་དང་། ཡོན་ཏན་མཆོག་ཏུ་གྱུར་པ་འཇིག་རྟེན་ན་འགྲན་ཟླ་དང་བྲལ་བའི་བུ་རྙེད་ནས་འཆི་བ་ནི་མཐོང་བར་མི་ནུས་སོ་སྙམ་ནས། འཁོར་དང་ལོངས་སྤྱོད་མང་པོ་དང་བཅས་ཡུལ་གཞན་དུ་བཏང་ངོ་། །དེ་ནས་རིམ་གྱིས་དཔལ་ལེནྟྲར་བྱོན་ཏེ། སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ། སློབ་དཔོན་གྱིས་བྲམ་ཟེའི་ཁྱེའུ་ཁྱོད་རབ་ཏུ་འབྱུང་བར་སྤྲོའམ་གསུངས་པ་ན། ཁྱེའུ་དེས་སྤྲོ་མོད་དེ་བདག་གི་ཚེ་ཟླ་བ་འགའ་ལས་མེད་པས་ལོང་མེད་ཞུས་པས། སློབ་དཔོན་གྱིས་རབ་ཏུ་བྱུང་ན་ཚེ་རིང་བའི་ཐབས་ཡོད་གསུངས་ནས་རབ་ཏུ་བྱུང་། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ནས་ལོ་དྲུག་བརྒྱ་འཚོ་བར་བྱིན་གྱིས་བརླབས་སོ། །ཡང་འགའ་ཞིག་ཏུ་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བར་ཡང་བཤད་ཅིང་། དེ་ལྟར་དབང་བསྐུར་བ་པོ་དེ་དང་། རབ་ཏུ་དབྱུང་བའི་མཁན་པོ་གཉིས་ཐ་དད་པར་ཡང་བཤད་དོ། །དེ་ནས་ཤེས་བྱ་ཐམས་ཅད་ལ་མཁས་པར་མཛད་ཅིང་། དགེ་སློང་དཔལ་ལྡན་ཞེས་གྲགས་ཤིང་། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ། ན་ལེནྟྲར་དགེ་བསྐོས་ཀྱི་དུས་སུ་གསེར་འགྱུར་གྱི་རྩིས་དགེ་འདུན་གྱི་འཚོ་བ་ལོ་བཅུ་གཉིས་ཀྱི་བར་དུ་སྦྱར། དབྱར་གནས་ཐོན་པ་ན་དགེ་འདུན་རྣམས་