[A:༧༥ན]པས། ན་བཟའ་མི་དག་གིས་ཁྱེར་བ་ན་ངའི་ཡིན་གསུངས་པས། ང་བདག་ཅན་ཟེར་ནས་གཏད། དེར་འགྲོ་བའི་དོན་མཛད་དེ་སླར་འཛམ་བུ་གླིང་དུ་བྱོན་པས། སྔར་གྱི་བྱིས་པ་དེ་རྒྱལ་པོར་གྱུར་ནས་རིན་པོ་ཆེ་སོགས་མང་དུ་ཕུལ་བའི་ལན་དུ་རིན་པོ་ཆེའི་ཕྲེང་བ་གནང་ངོ་། །སློབ་དཔོན་འདིས་བསྟན་པའི་བྱ་བ། དགེ་འདུན་གྱི་ཞལ་ཏ་པ་མཛད། མཆོད་རྟེན་དང་ལྷ་ཁང་མང་དུ་བཞེངས། རྡོ་རྗེའི་གདན་ལ་རྡོའི་དྲ་མིག་གི་བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས། གཞན་ཡང་འཆད་པའི་སྒོ་ནས་འཕགས་པ་ལྷ་ལ་སོགས་པའི་གྲུབ་པའི་སློབ་མ་མང་དུ་བསྐྲུན། རྩོད་པའི་སྒོ་ནས་དགེ་སློང་བདེ་བྱེད་རིགས་པས་སུན་ཕྱུང་། རྩོམ་པའི་སྒོ་ནས་རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་ལ་སོགས་པའི་གཞུང་མང་དུ་མཛད་དེ་ཕ་རོལ་ཏུ་ཕྱིན་པའི་ལུགས་གསལ་བར་མཛད། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་གཞུང་ལ་སོགས་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་མཛད་པ་སོགས་ངོ་མཚར་བའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཞིག་གི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་ཅིང་ལོ་དྲུག་བརྒྱར་བཞུགས་སོ། །དེ་ནས་རྒྱལ་པོ་མཐར་འགྲོ་གཞོན་ནུའམ། བདེ་བྱེད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་ཞེས་པ་ལ། མས་གོས་བཟང་པོ་སྲུབ་མེད་པ་ཞིག་བྱིན་པས། བུ་དེས་འདི་ང་རྒྱལ་སྲིད་འཛིན་དུས་དགོས་ཟེར་བ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོངས། ཡབ་དང་སློབ་དཔོན་ཀླུ་སྒྲུབ་བཅུད་ལེན་དང་ཚེ་སྒྲུབ་སྟབས་གཅིག་བྱས་པས་གྲུབ་སྟེ། སློབ་དཔོན་དང་སྲོག་གཅིག་པ་ཡིན་ཟེར་བ་དང་། དེས་དཔལ་གྱི་རི་ལ་སོང་སྟེ་སློབ་དཔོན་ལ་དབུ་