R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦ན
[A:༧༦ན]པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་པ་དང་། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་པ་ན། བྲམ་ཟེའི་རིགས་དཀར་པོ་ཞེས་པའི་རིགས་རྒྱུད་ཆེན་པོར་སྐྱེས་པ། བྲམ་ཟེའི་སྨན་པ་ཆེན་པོ་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་འགྲན་བཟོད་པ། རྣམ་པར་རྒྱལ་བའི་ཟླ་བ་ཞེས་པ་ལ་ཆུང་མ་རིགས་ལྡན་མ་དང་། ལུས་མཆོག་མ་གཉིས་ཀྱི་བུ་ནི། རིམ་པ་བཞིན་བློ་གྲོས་འཕགས་དང་། བསོད་ནམས་འཕགས་ཞེས་བྱ་སྟེ། བློ་གྲོས་འཕགས་ནི་བསྟན་བཅོས་ཐམས་ཅད་ལོག་རྐྱེན་ལ། བསོད་ནམས་འཕགས་ནི་ཐ་གི་ཙམ་དུ་ཟད་ཀྱང་། སྨན་པ་དེ་ལུས་མཆོག་མ་ལ་ཆགས་པའི་རྐྱེན་གྱིས་བསོད་ནམས་འཕགས་ལ་རྒྱ་ཆེར་སློབ་ཀྱི་ཅིག་ཤོས་ལ་ནི་མ་ཡིན་ནོ། །དེ་ནས་ལུས་མཆོག་མས་བུ་ལ་ནོར་དང་སྨན་སྤྱད་སྟེར་དགོས་བཟླས་པས། ཕས་ཟོལ་མེད་དུ་སྦྱིན་ན་ཅིག་ཤོས་ཧ་ཅང་མི་དགའ་འོ་སྙམ་ནས། བློ་གྲོས་འཕགས་ཡུལ་གཞན་དུ་རིག་པ་སློབ་ཏུ་བཏང་། བསོད་ནམས་འཕགས་ལ་ཉིན་མཚན་ཐོག་ཐག་རང་གིས་བསླབས་པས་རང་དང་མཉམ་པར་གྱུར་ཏོ། །དེ་ནས་བུ་གཉིས་བསགས་ཏེ། ཁྱོད་གཉིས་ནངས་པར་ང་དཔང་པོ་གྱིས་ལ་རྩོད་ཅིག་དང་། གང་རྒྱལ་བ་དེ་ལ་ནོར་དང་སྨན་སྤྱད་སྦྱིན་ནོ་ཞེས་བསྒོས་སོ། བློ་གྲོས་འཕགས་ཀྱིས་གསོ་བ་རིག་པའི་གཞུང་ཐམས་ཅད་ཕ་ལས་བླངས་ཏེ། མཚན་མོ་བལྟས་པས་ཐམས་ཅད་ཤེས་པས། ནམ་ལྡང་ཁར་སྒོ་ཁང་དུ་གཉིད་ཀྱིས་ཉལ་ལོ། །དེ་ནས་ཉི་མ་ཤར་བ་དང་ཕས། མ་གཉིས་ལ་བུ་གཉིས་ཁུག་ལ་ཁོ་བོའི་མདུན་དུ་རྩོད་པ་བྱེད་དུ་ཆུག་ཅིག སུ་རྒྱལ་བ་ལ་ནོར་གྱི་བགོ་བཤའ་བྱའོ་ཞེས་བསྒོ་བ་ན། རིགས་ལྡན་མས་བུ་ཉལ་བ་མཐོང་ནས་གླེན་པ་