[A:༧བ]འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དམ་པའི་ཆོས་ཉན་པའང་རྙེད་པར་དཀའ་ཡི་བླ་མེད་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག་ཅེས་བསྐུལ་བས། ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འདོད་དོ་ཞེས་རྒྱུ་མཚན་དང་བཅས་གསུངས་ཏེ་རྒྱལ་པོ་སེམས་བསྐྱེད་དུ་མ་འདོད་པ་ལ། སླར་ཡང་བྲམ་ཟེས་ཡང་ཡང་བསྐུལ་བས། སངས་རྒྱས་པའི་ཞིང་བཟང་པོ་བྱུང་ན་སེམས་བསྐྱེད་དོ་ཞེས་ཁས་བླངས། དེ་ནས་སངས་རྒྱས་དེས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། གང་བཟང་བ་རྒྱལ་པོར་འདམ་དུ་བཅུག་པས། རྒྱལ་པོའང་དད་དེ་རང་གི་སངས་རྒྱས་ཀྱི་ཞིང་བཟང་བའི་ཕྱིར་ཁབ་ཏུ་བཞུགས་ནས་སྐྱེ་བོའི་འགྲུལ་བཅད་དེ་སེམས་པར་བྱེད་དོ། །རྒྱལ་བུ་སྟོང་ཡང་དེ་བཞིན་དུ་བྱེད་དོ། །དེའི་བར་ལ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྲོག་ཆགས་མང་པོ་དགེ་བ་ཆེན་པོ་ལ་བཀོད་དོ། །དེ་ལྟར་ལོ་བདུན་འདས་པ་དང་། རྒྱལ་པོ་སྲས་བཅས་ལྷས་བསྐུལ་ཏེ། སངས་རྒྱས་ཀྱི་སྤྱན་སྔར་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་བསྐྱེད་པས། ཡབ་རྒྱལ་པོ་བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་ཚེ་དཔག་མེད་དུ་ལུང་བསྟན། སྲས་ཀྱི་ཐུ་བོ་མིག་མི་འཛུམ་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ། བུ་གཉིས་པ་མཐུ་ཆེན་ཐོབ་སངས་རྒྱས་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ། གསུམ་པ་འཇམ་དཔལ་ཏེ་སངས་རྒྱས་ཀུན་ཏུ་གཟིགས། བཞི་པ་ཀུན་ཏུ་བཟང་པོ། ལྔ་པ་པདྨ་དམ་པ། དྲུག་པ་དབང་བསྒྱུར་དབང་ཕྱུག་རྒྱལ་པོ། བདུན་པ་སྣང་བ་རྡུལ་བྲལ་སྤོས་མཐོང་