R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]དབང་ཕྱུག་རྒྱལ་པོ། བརྒྱད་པ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་འགྱིངས་པའི་དབང་ཕྱུག་རྣམས་སུ་ལུང་བསྟན། དེ་ནས་བར་སྐབས་འདིར་སྲོག་ཆགས་ཁྲི་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ནས་སྲས་དགུ་པ་སངས་རྒྱས་མི་འཁྲུགས་པ། བཅུ་པ་གསེར་གྱི་མེ་ཏོག བཅུ་གཅིག་པ་རྒྱལ་བའི་ཟླ་བ་དང་། དེ་བཞིན་དུ་རྒྱལ་བུ་གཞན་རྣམས་ཀྱང་སངས་རྒྱས་རེ་རེ་ལུང་བསྟན། དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས། རྒྱ་མཚོའི་རྡུལ་གྱི་སྲས་བརྒྱད་ཅུ། སློབ་མ་སྟོང་ཕྲག་གཅིག བྲམ་ཟེ་བྱེ་བ་ཕྲག་གསུམ་རྣམས་ལུང་བསྟན་པས། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་ཀྱི་བར་དུ་གྱུར་ཏོ། །དེ་ནས་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་གི་དང་པོ་ལུང་བསྟན། དེ་ནས་རིག་བྱེད་ཀློག་པ་སྟོང་གི་གཉིས་པ་ཀརྨ་སྐྱོང་ནི། བསྐལ་པ་བཟང་པོའི་སངས་རྒྱས་དང་པོ་འཁོར་བ་འཇིག གསུམ་པ་ཏི་བུ་རུ་ནི་བསྐལ་བཟང་གི་སངས་རྒྱས་གསེར་ཐུབ། བཞི་པ་ཀུན་གྱིས་བསྲུང་ནི་སངས་རྒྱས་འོད་སྲུང་། ལྔ་པ་དྲི་མེད་འོད་ནི་བྱམས་པ། དེ་བཞིན་དུ་ལྷག་མ་རྣམས་ཀྱང་ལུང་བསྟན་ནས། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རིག་བྱེད་ཀློག་པ་སྟོང་གི་ཐ་མ་དེ་ལ། ཞིང་བཟུང་སེམས་སྐྱེད་ཅིག་གསུངས་པས། ཅུང་ཟད་བསམ་ལོང་ཡོད་དོ་ཟེར་ནས། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་བསྙེན་བཀུར་བ་ལྔས། ཞིང་བཟུང་སེམས་བསྐྱེད་པས་བསྐལ་པ་བཟང་པོའི་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ནས་རིག་བྱེད་ཀློག་པ་སྟོང་གི་ཐ་མ་དེས་སངས་རྒྱས་རིན་ཆེན་སྙིང་པོ་ལ། བསྐལ་པ་བཟང་པོ་དེ་