[A:༧༧ན]གསེར་འགྱུར་གྱི་རྩིའི་རིན་གྱིས་སོ་བྱས་པས། མཁན་པོས་ཁྱོད་ཀྱིས་དེ་ལྟར་ཤེས་པ་དེ་བས་ཀྱང་ལྷག་པ་ང་ཡིས་ཤེས་ཏེ་གསུངས་ནས། ཕ་བོང་ལ་འཁར་བ་བསྣུན་པས་གསེར་དུ་གྱུར་ཏོ། །གཞན་ཡང་ང་ལ་སྦྲན་ན་འབྲུའི་ཆར་འབེབས་པ་དང་། འཇིམ་པའི་བ་ལས་ཞོ་བ་ཞོས་པས། དགེ་འདུན་བྲན་ཁོལ་དང་བཅས་པ་འཚོ་བ་བཟང་པོ་ལ་སྤྱད་དུ་ཡོད་པ་ཡིན་ཏེ། ཁྱོད་ཀྱིས་དགེ་འདུན་ཀུན་ལོག་འཚོ་ལ་སྦྱར་བས་འདིར་མ་འདུག་པར་གཞན་དུ་སོངས་ཤིག་ཅེས་གནས་ནས་ཕྱུང་ངོ་། །དེ་ནས་མཁན་པོ་ལ་ཕྱག་བྱས་སྨོན་ལམ་བཏབ་སྟེ། དཔལ་གྱི་རི་ལ་བྱོན་ནས་འདི་སྙམ་དུ། མཁན་པོའི་ཡོན་ཏན་འདི་གསུམ་ཡང་ངོ་མཚར་ཆེ་མོད། དེ་བས་ཀྱང་རྒྱ་མཚོའི་གླིང་ན་ཛ་ཡ་སཱ་མ་ཞེས་བྱ་བས་བྲག་རི་གསེར་དུ་བསྒྱུར། རིན་པོ་ཆེའི་ཆར་འབེབས། ལམ་པོ་ཆེའི་རི་མོའི་བ་ལས། ལམ་གྱི་མགྲོན་པོ་དག་གི་ཞོ་བཞོར་ཡོད་པའི་ཡོན་ཏན་དེ་གསུམ་བླངས་ལ། མཁན་པོའི་དྲེགས་པ་གདུལ་ལོ་སྙམ་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན། གླིང་དེར་དྲང་སྲོང་འགྲོ་འོང་བྱེད་པའི་གྲུ་རྡུལ་ནས་མེད་པ་ན། ཚུལ་ལོག་པས་སྦྲུལ་ཆེན་པོས། སྦྲུལ་ཆུང་ངུ་ཞིག་གཙེས་པ་ལ་དེས་ཤིང་ལོ་ཞིག་བཅད་ནས་ཁར་བཟུང་བས་ནམ་མཁའ་ལ་བྱ་བཞིན་སོང་ངོ་། །སློབ་དཔོན་གྱིས་ཀྱང་ཤིང་ལོ་དེ་འདྲ་བ་གཉིས་བཅད་ནས་ལག་པར་བཟུང་བས་ནམ་མཁར་སོང་བ་ལས་གླིང་དེར་སླེབས་སོ། །དེར་ཤིང་ལོ་གཅིག་སྦས། གཅིག་ལག་ཏུ་ཐོགས་ནས་ཡོན་ཏན་གསུམ་ཞུས་པས། ཁྱོད་ཀྱིས་འདིར་ཅི་ལས་ཐར་ཟེར་བ་ལ། ཤིང་ལོ་འདིའི་ནུས་པས་སོ་སྨྲས་པས། ཤིང་ལོ་འདི་མེད་ན་འཛམ་བུའི་གླིང་དུ་ཕྱིན་པར་མི་ནུས་སྙམ་ནས།