R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ]ཤིང་ལོ་འདི་ང་ལ་བྱིན་ན་སློབ་ཟེར་ནས། དེ་བྱིན་པས་མཁས་པར་བསླབས་པ་ན། སྦས་པའི་ཤིང་ལོ་བཟུང་ནས་ནམ་མཁའ་ལ་བྱོན་པས་དཔལ་གྱི་རིར་སླེབས་པ་ན། མཁན་པོ་ནི་གཤེགས། དེར་བཅུད་ལེན་བྱས་པས་ལོ་དྲུག་བརྒྱ་འཚོ་བའི་བཅུད་ཀྱང་ལོངས། དབུལ་ཕོངས་ཐམས་ཅད་ཡོན་ཏན་དེ་གསུམ་གྱིས་འབྱོར་པ་དང་ལྡན་པར་བྱའོ་སྙམ་ནས་གྲོང་ཁྱེར་དུ་བྱོན་པ་ན། ཐོག་མར་བྲམ་ཟེ་རྒན་པོ་གཅིག་དང་འཕྲད་པ་ན། དབུལ་པོ་ཇི་སྙེད་ཡོད་པ་ཁྱོད་ཀྱིས་སྦྲོན་ཅིག ཁོ་བོས་དབུལ་བའི་སྡུག་བསྔལ་དང་བྲལ་བར་བྱའོ། །ཞེས་སྨྲས་ནས། རིན་པོ་ཆེའི་ཆར་ཕབ་སྟེ་ཇི་སྙེད་པ་དག་གི་དབུལ་བ་འཕྲོགས་པས། དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །ཡུལ་དེ་ན་བྲག་རི་དྲིལ་བུ་འདྲ་བ་ཞིག་འདུག་པ་གསེར་དུ་བསྒྱུར་ལ་འགྲོ་བའི་དོན་བྱའོ་སྙམ་པ་ན། ནམ་མཁའ་ནས་མི་རྣམས་རྩོད་པར་འགྱུར་བས་མ་བྱེད་ཅེས་གྲགས་ནས་བཤོལ་ལོ། །ཕྱོགས་དེའི་ལམ་པོ་ཆེའི་རི་མོའི་བ་ལས། འགྲོ་འོང་བྱེད་པ་དག་གི་བཞོས་པས་ཞོ་ཟད་མེད་དུ་བྱུང་ཞིང་ལོངས་སྤྱོད་པར་བྱེད་དོ། །རི་མོ་དེ་ཡང་ལོ་འཁྱུད་མོར་གནས་སོ། །དེ་ནས་གྲོང་ཁྱེར་དེའི་འདབས་ན་བྱིས་པ་མང་པོ་འདུག་པ་ན། གཅིག་རྒྱལ་པོ་བྱེད་ཟེར། གཅིག་བློན་པོ་བྱེད་ཟེར་བ་ལ། སློབ་དཔོན་གྱིས་ལག་རིས་གཟིགས་པས་དེ་བཞིན་འོང་བར་འདུག་ནས་རྒྱལ་པོར་ལུང་བསྟན་ཏོ། །དེ་ནི་རྒྱལ་པོ་མཐར་འགྲོ་གཞོན་ནུ་ཞེས་བྱ་བར་གྱུར་ཏེ། ཕྱིས་སློབ་དཔོན་སྤྱན་དྲངས་ཆོས་ཀྱང་ཞུས་སོ། །རྒྱལ་པོ་ཆོས་ལ་དད་ནས་ཕོ་བྲང་དང་ཧ་ཅང་མི་རིང་བར་གཙང་ཁང་བྱས་ཏེ་སློབ་དཔོན་ལ་ཆོས་སྟོན་ཕུལ་ལོ། །དུས་གཞན་ཞིག་ན་རྒྱལ་པོ་དམག་ལ་སོང་བའི་ཚེ། བཙུན་