[A:༧༨ན]མོས་བཤོས་འདྲེན་པ་ན། སློབ་དཔོན་སྐུ་བྱད་བལྟ་བས་མི་ངོམ་པ་ལ་བཙུན་མོ་ཡིད་འཕྲོགས་ཏེ་བསླུ་ཚིག་སྨྲ་ཞིང་། ལུས་ཀྱིས་བཏེགས་པས། སློབ་དཔོན་དཔལ་གྱི་རིར་བྲོས་སོ། །བཙུན་མོ་སྐྱེངས་ནས་རང་གི་གོས་དབྲལ། གདོང་ལ་ཁྲག་ཞལ་ནས་ངུ་བའི་ཟོལ་གྱིས་གནས་སོ། །འཁོར་ནས་རྒྱལ་པོས་ཅི་ཡིན་དྲིས་པ་ན། ཁྱོད་ལ་མཆོད་གནས་བྱི་བོ་ཅིག་འདུག་པ་དེས། ངའི་ཟན་ཆུད་གསན། ངས་མ་ཉན་པ་ན་འདི་འདྲ་བར་གྱུར་ཅིང་། ཁོང་རང་ཡང་དཔལ་གྱི་རིར་བྲོས་སོ་ཟེར་བ་ན། མ་བརྟགས་པ་དག་ནི་ཕྲ་མས་ཡིད་མགུ་བ་ཡིན་པས། རྒྱལ་པོས་སློབ་དཔོན་ཡང་སྤྱན་མ་དྲངས་སོ། །སློབ་དཔོན་གྱིས་རྒྱལ་པོ་ཕྲ་མས་ཕྱེ་ཟིན་པར་དགོངས་ནས་ཕོ་བྲང་དུ་བྱོན་པ་ན། ཁྱི་ཡང་ཟུག་པར་བྱེད་ཅིང་། བྲན་དག་ཀྱང་གཡོལ་བར་བྱེད་པ་ན། སློབ་དཔོན་གྱིས། བུད་མེད་རྣམས་ཀྱི་རང་བཞིན་ནི། །བརླང་པའི་ཡིད་ཀྱིས་མི་རིག་གོ །དགའ་བ་དུ་མ་བྱས་ནས་སུ། །སྦྲུལ་གྱི་ལྤགས་པ་འདོར་བ་ལྟར། །བུད་མེད་ཀྱིས་ནི་གློ་བུར་འདོར། །དེ་ལྟར་རང་བཞིན་དེ་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་བརྟན། །སྐྱེས་པ་མཁས་པ་རྣམས་ཀྱིས་ནི། །དེ་ལ་ནམ་ཡང་ཡིད་མི་རྟོན། །ཞེས་པའི་ཚིག་བཅད་ཡ་ཐེམ་ལ་བྲིས་ནས་བཞུད་དོ། །དེ་ནས་རྒྱལ་པོས་ཚིག་དེ་ལས། བུད་མེད་ཀྱི་ཉེས་པར་རིག་ནས། སློབ་དཔོན་སྤྱན་དྲངས་པས་མ་གནང་བར། སློབ་དཔོན་རང་དང་མཉམ་དུ་ལོ་དྲུག་བརྒྱར་འཚོ་བའི་སྨན་གྱི་བཅུད་ལེན་བསྐུར་བས་རབ་ཏུ་དགའ་སྟེ། རྒྱལ་སྲིད་ཆོས་ཀྱིས་བསྐྱངས་སོ། །དེ་ནས་སློབ་དཔོན་གྱིས་ཟབ་མོའི་གནད་ལ་བསྒོམ་ཡུན་བསྲིངས་པས་ལོ་སུམ་ཅུ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་