R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༨བ
[A:༧༨བ]ས་རབ་དགའ་བརྙེས། དེའི་ཚེ་དགེ་སློང་བདེ་བྱེད་ཅེས་པ་འདོད་པ་ལ་ལྷག་པར་བརྐམ་ཞིང་། བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་བྱུང་ནས། རིག་པའི་རྒྱན་ཞེས་པའི་གཞུང་སྟོང་ཕྲག་བརྒྱ་པ་གཅིག་བརྩམས་ཏེ། ཉན་ཐོས་ནས་ཐེག་ཆེན་གྱི་བར་ཐམས་ཅད་སུན་ཕྱུང་ཏེ། དེའི་ཉེས་བཤད་དེ་འདུལ་བའི་ཕྱིར་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་མདོ་ཀུན་བཏུས་དང་བསླབ་བཏུས། ལྟ་བ་སྟོན་པ་རྩ་ཤེས་སོགས་རིགས་ཚོགས་དང་། རྒྱལ་པོ་ལ་སོགས་པའི་ཆེད་དུ་གཏམ་ཚོགས། རྒྱལ་བའི་དྲིན་བསབ་པའི་ཕྱིར་བསྟོད་ཚོགས་རྣམས་མཛད་དོ། །ཞེས་འབྱུང་བ་སོགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་བཤད་ཚུལ་མི་འདྲ་བ་ཆེས་མང་བ་ཞིག་འབྱུང་ཞིང་མགོན་པོ་སྔོན་འབྱུང་། ལང་ཀར་གཤེགས་པ། འཇམ་དཔལ་རྩ་རྒྱུད། སྤྲིན་ཆེན་པོའི་མདོ་ལ་སོགས་པ་མདོ་སྡེ་དང་རྒྱུད་སྡེ་མང་པོ་ནས་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་ཚུལ་ཡང་མཐའ་ཡས་སོ། །སློབ་དཔོན་དེས་རྗེས་སུ་བཟུང་ཞིང་རྒྱུད་བྱིན་གྱིས་བརླབས་པ་ནི། སློབ་དཔོན་ཤ་བ་རིའི་དབང་ཕྱུག་སྟེ། འདི་ནི་བྲམ་ཟེའི་རིགས་ལྡོང་དར་ཞེས་བྱ་བ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས་སློབ་དཔོན་འཕགས་པའི་དྲུང་དུ་ཕྱིན་དབང་དང་དམ་ཚིག་ཞུས། རྒྱུད་དང་གདམས་ངག་མ་ལུས་པ་ཐོབ་སྟེ། སྒྲུབ་པ་སྙིང་པོར་མཛད་པས་དངོས་གྲུབ་ཀྱི་མཆོག་ཐོབ་པ་ཞིག་ཡིན་པར་བཤད་ལ། ཡང་རྣམ་ཐར་གཞན་ལས་ནི། སློབ་དཔོན་ཀླུ་སྒྲུབ་བྷ་ག་ལའི་རི་བོའི་དགོན་པ་ན་བཞུགས་པའི་ཚེ། གར་མཁན་བཟའ་མི་གཉིས་ལ་གླུ་གར་གྱིས་འཚོ་བའི་བུ་ཚ་མིང་སྲིང་གསུམ་ཡོད་པ་དེ་དག་གིས། སློབ་དཔོན་ལ་གླུ་གར་ཕུལ་ནས་