[A:༧༩ན]སློང་མོ་བསླངས་པས། སློབ་དཔོན་གྱིས་རིགས་ངན་ལ་རྣམ་རྟོག་མ་མཛད་པར་ནང་དུ་བོས་ནས་ཁ་ཟས་མང་པོ་བྱིན་པས། དད་པ་རྙེད་ཅིང་། དེར་བྱང་སེམས་བློ་གྲོས་རིན་ཆེན་གྱི་བྲིས་སྐུ་ཞིག་ཡོད་པ་མཐོང་ནས་འདི་ཅི་ལགས་ཞུས་པས། སློབ་དཔོན་གྱི་ཞལ་ནས། འདི་བྱང་སེམས་ལྷའི་བུ་ཐ་མལ་པས་མི་མཐོང་བ་ཞིག་ཡིན་གསུངས། བདག་ཅག་ལ་བསྟན་པར་ཞུ་བྱས་པས། ངའི་སྤྱི་གཙུག་ན་ཡོད་ལྟོས་གསུངས་པས། དེ་མཐོང་བའི་མངོན་ཤེས་ཀྱི་སྤྱན་ཞིག་ཞུ་ཚུལ་ཞུས་པས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་གདམས་པ་མ་ལུས་པ་གནང་ནས་ཉམས་སུ་ལོངས་ཤིག་གསུངས། ནན་ཏན་གྱིས་ཉམས་སུ་བླངས་པས་བྱང་སེམས་ཀྱི་ཞལ་མཐོང་སྟེ། གར་དང་བྲམ་ཟེ་ཆེན་པོའི་དོ་ཧ་གླུར་བླངས་ནས་མཆོད་པ་ཕུལ་བས། ཁྱོད་ཀྱིས་དེའི་དོན་ཤེས་སམ་གསུངས། མི་ཤེས་པས་ཞུ་འཚལ་ཞུས་པས། དོ་ཧའི་དོན་སྙིང་པོ་དོན་གྱི་དགོངས་པ་བསྟན་པས་དེ་ཉིད་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་སེམས་ཀྱི་ཞལ་ནས། རིགས་ཀྱི་བུ་ཁྱོད་གདོང་དར་གྱི་སྟོན་པ་ཤ་བ་རིའི་དབང་ཕྱུག་བྱ་བ་ཡིན་པས། འདིར་མ་འདུག་པར་རྔོན་པའི་ཆ་ལུགས་ཀྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་སོང་ལ་དབང་པོ་ཡང་རབ་རྣམས་ཀྱི་དོན་གྱིས་ཤིག ཅེས་ལུང་བསྟན་པ་བཞིན་དཔལ་གྱི་རི་ལ་བྱོན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་དེང་སང་ཡང་བཞུགས་སོ་ཞེས་གྲག་གོ །སློབ་དཔོན་འདི་སྤྱོད་པ་མཛད་པའི་ཚེ། དུག་སྦྲུལ་གྱི་རིག་སྔགས་འཛིན་པའི་ས་ར་ཧ་ཞེས་པ་ཞིག་གིས་ན་ལེནྡྲའི་