R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩བ
[A:༧༩བ]ཕྱི་སྒོ་ལ་ཤིང་བུ་ཞིག་བཏགས་ནས། འདི་སུས་ལེན་ནུས་པ་དང་ནུས་པ་འགྲན་ནོ་ཟེར་ནས་གཞན་དུ་སོང་བ་ན། སློབ་དཔོན་གྱིས་ཆང་གིས་མྱོས་པའི་ཚུལ་བྱས་ཏེ་ཤིང་བུ་དེ་ཆུ་ལ་བསྐྱུར་བས། ནངས་པར་ས་ར་ཧ་འོངས་ནས་ངའི་ཤིང་བུ་སུས་བསྐྱུར་ཟེར། གཞན་དག་གིས་ཆང་གིས་བཟི་བ་ཞིག་གིས་བསྐྱུར་རོ་བྱས་པས། དེ་ཁྲིད་ཤོག་ཟེར་བཙལ་བས། སྔར་བས་ཀྱང་བཟི་བའི་ཚུལ་མཛད་དེ་བཞུགས་པ་དང་འཕྲད་དེ་ཁྲིད་པས། ཁོས་ངའི་ཤིང་བུ་ཁྱོད་ཀྱིས་བསྐྱུར་རམ་ཟེར། སློབ་དཔོན་གྱིས་བསྐྱུར་རོ་གསུངས་པས། དེ་ལྟ་ན་ནུས་པ་འགྲན་ནོ་ཟེར་བ་ལ། སློབ་དཔོན་གྱིས་ནུས་པ་མེད་ཀྱི་ཁྱོད་བཟོད་པར་མཛོད་ཅིག་གསུངས་ནས་བཞུད་དོ། །ཡང་ཁོས་ཤིང་བུ་བཏགས། སློབ་དཔོན་གྱིས་བསྐྱུར་ནས་སྔར་བཞིན་ཞག་གསུམ་དུ་བྱས་སོ། །དེ་ནས་ཁོ་ཤིན་ཏུ་ཁྲོས་ནས་ད་ནི་དུག་སྦྲུལ་གཏོང་བས་བསྲུང་བ་གྱིས་ཤིག་ཟེར་བ་ན། སློབ་དཔོན་གྱིས་ས་ལ་རི་མོ་རིམ་པ་བདུན་བྲིས་པའི་ནང་དུ་བཞུགས་ནས། ད་ཐོངས་ཤིག་གསུངས། དེ་ནས་དུག་སྦྲུལ་བཏང་པ་ན་རི་མོ་གཉིས་བསྒྲལ་ཏེ་བྱུང་ཡང་ནང་དུ་ཡོང་མ་ནུས་པ་དང་། ཡང་ཁོ་ན་རེ། ད་ནི་འཇོག་པོའི་དུག་འཛིན་པའི་སྦྲུལ་དམར་པོ་ཞིག་ཡོད་དོ། །དེ་སྔར་གྱི་ཀླུ་བདུན་གྱི་དུག་པས་ཀྱང་འཇིགས་པས་དེས་ཁྱེད་ཀྱང་བཟའ། ང་ཡང་བཟའ། གཞན་སེམས་ཅན་དུ་མ་བཟའ་བས་དེ་གཏོང་ངོ་ཟེར། ཁྱོད་རང་བཟའ་བའི་དུག་དེས་ཅི་བྱེད་ད་མ་གཏོང་གསུངས་པས། ཁོ་ན་རེ་ཅིས་ཀྱང་གཏོང་ངོ་ཟེར། དེ་ལྟ་ན་ཐོངས་གསུངས་པས། ཁོས་རིག་སྔགས་བཟླས་ནས་བཏང་པས། སློབ་དཔོན་གྱིས་ཕག་ཞལ་སྤྲུལ་ནས་གསོལ་ཏེ། དེ་ནས་ས་ར་ཧ་ལ་སོགས་པའི་སེམས་