[A:༨༠ན]ཅན་དུ་མ་སྨིན་པར་མཛད་དོ། །དེ་ལ་ཤ་བ་རི་ཞེས་པ། བོད་སྐད་དུ་རི་ཁྲོད་པ་སྟེ། རྔོན་པའི་མིང་ཡིན་ལ། དོན་རྔོན་པའི་ཆ་ལུགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་དེ་སྐད་དུ་གྲགས་པའོ། །དེས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི། སློབ་དཔོན་ཆེན་པོ་ལཱུ་ཧི་པ་སྟེ། འདི་ནི་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ། ཡབ་ཡི་གེ་མཁན་གྱི་རྒྱལ་པོ་ཟླ་བ་རོལ་པ་དང་། ཡུམ་ཟླ་བའི་དཔལ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ཀུན་ཏུ་དགེ་བར་མིང་བཏགས། ཆེར་སྐྱེས་པ་ན་ཡིག་རྩིས་དང་སྒྱུ་རྩལ་གྱི་གནས་སོགས་རིགས་པ་དུ་མ་བསླབས་རྒྱལ་པོའི་ཡི་གེ་པ་བྱེད་པའི་ཚེ། དཔལ་ཤ་བ་རིའི་དབང་ཕྱུག་དང་མཇལ། མཆོད་པ་དང་གུས་པའི་སྤྱོད་ལམ་གྱིས་མཉེས་པར་བྱས་ནས་ཡང་དག་པའི་གདམས་ངག་ཞུ་ཞུས་པས། རྒྱལ་པོའི་འཕྲིན་ཕར་འགྲོ་བ་དང་། ཚུར་འོངས་བའི་ཡི་གེའི་དོན་ལ་ཡིད་རྩེ་གཅིག་ཏུ་གཞུང་པ་ཞིག་འདུག་པས་ཡང་དག་པའི་གདམས་ངག་གི་སྣོད་དུ་དགོངས་པས། དཔལ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་དང་རྗེས་སུ་གདམས་པ་ཐམས་ཅད་གནང་ནས་བསྒྲུབ་པ་ལ་བརྩོན་པར་བཞུགས་པའི་ཚེ། ཨུ་རྒྱན་པའི་ཡུལ་ཆོས་ཚེས་བཅུ་རྣམ་གཉིས་ལ་དུར་ཁྲོད་མཆོད་པ་ལ་འགྲོ་བ་ཞིག་ཡོད་པས། དེའི་ཚེ་ཁོང་རྣམས་ཀྱི་རྗེས་སུ་སློབ་དཔོན་གྱིས་ཀྱང་བྱོན་པས། གཞན་རྣམས་གྱེས་ཚར་བའི་རྗེས་སུ་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐ་མལ་པའི་ཚུལ་བྱས་ཚོགས་པའི་དབུས་ན། སྐྱེ་བདུན་གྱི་ཤ་ཞིག་བཞག་སྟེ་སྒེག་ཅིང་རོལ་བའི་ཆ་བྱད་དུ་འདུག་པ་ལ། ཕྱག་མཆོད་བྱས་པས་མཉེས་ཏེ་