[A:༨༠བ]དེ་དག་གི་ཞལ་ནས། དམ་ཚིག་གི་རྫས་དེ་ལས་ཆོད་ལ་ངེད་རྣམས་ལ་དྲོངས་གསུངས་དྲངས་པས། ཁ་ན་མ་ཐོ་བ་མེད་པའི་ཟས་ཡིན་པས་ཁྱེད་རང་ཡང་ཟོ་གསུངས་པ་ན། ཚམ་ཚོམ་མེད་པར་ཟོས་པས་དེ་རྣམས་ཤིན་ཏུ་མཉེས་ནས་མི་སྣང་བར་གྱུར་པའི་རྗེས་སུ། ནམ་མཁར་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གསལ་བར་སྤྲུལ་དབང་བསྐུར་བས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས། དེ་བོགས་དབྱུང་བའི་ཕྱིར་གདམས་པ་དང་རྗེས་སུ་གདམས་པ་སྩལ་ཅིང་མཚོན་བྱ་དོན་གྱི་ཡེ་ཤེས་མཆོག་གི་དངོས་གྲུབ་མྱུར་དུ་རྟོགས་པའི་ཕྱིར། རྐང་པ་བརྐྱངས་པ་སྤངས་ནས་ནི། །འཁོར་བའི་མན་ངག་གཞུག་དོར་ནས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་གསུངས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་དག་མི་སྣང་བར་གྱུར་ཏོ། །ཡང་རྣམ་ཐར་གཞན་ལས་སློབ་དཔོན་གྱིས་ཤ་ཝ་རི་དང་མཇལ་ནས་དབང་དང་གདམས་ངག་ཐམས་ཅད་བྱིན་ནས། གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་བསྟན་རྒྱུ་མེད། །ཅེས་གསུངས་ནས་སློབ་དཔོན་མི་སྣང་བར་གྱུར་ཏོ་ཞེས་ཀྱང་འབྱུང་ངོ་། །གང་ལྟར་ཡང་དོན་ལ་ཁྱད་པར་མེད་པས། དེ་ནས་གོང་གི་ཚིགས་བཅད་དེའི་དོན་ལ་བསམ་པས་བསྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པར་དགོངས་ནས། འཚོ་བ་གང་ལ་བརྟེན་སྙམ་ནས། བསོད་སྙོམས་ལ་སོགས་པ་ལ་ནི་ཆགས་སྡང་སྐྱེ། ཤིང་ཐོག་ལ་སོགས་ནི་དབྱར་དང་སྟོན་འབྱུང་ཡང་དགུན་དཔྱིད་མི་འབྱུང་། རང་གི་ཡི་གེ་བྱས་པའི་ལག་པའི་གླ་ལ་བརྟེན་ན་སྒྲུབ་པའི་བར་ཆད་དུ་འགྲོ་བར་དགོངས་