R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡ན
[A:༨༡ན]ནས། རིམ་གྱིས་ལྗོངས་རྒྱུ་ཞིང་བྱོན་པས་ཆུ་བོ་གངྒཱའི་འགྲམ་ན་ཉ་པ་མང་པོས་ཉ་བསད་པའི་རྒྱུ་ལྟོ་སྤུངས་ནས་བྱ་དང་ཁྱིས་བཟའ་ཞིང་འདུག་པ་མཐོང་བས། བདག་པོ་མེད་ཅིང་རྩོལ་བ་ཆུང་བར་གཟིགས་ནས། དེའི་ཕྱོགས་ཤིག་ཏུ་བཞུགས་ཏེ་འཚོ་བ་ཉ་རྒྱུ་ལ་མཛད་ཅིང་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ཅུང་ཟད་མི་འཇུ་བ་བྱུང་བའི་ཚེ་བླ་མ་ཤ་ཝ་རི་པའི་གདམས་པ་ཐ་མལ་པའི་གཏུམ་མོ་དང་། འོད་ཀྱི་གཏུམ་མོ་ཁ་སྦྱར་བ་བསྒོམས་པས་མཚན་མ་དང་རྣམ་པར་རྟོག་པ་ཡང་འཇུ་ན། འདི་ཅིའི་ཕྱིར་མི་འཇུ་སྙམ་ནས་ཟོས་པས་ཞུ་ཞིང་། དེ་ལྟར་འཚོ་བ་ཉ་རྒྱུ་ལ་བརྟེན་ཏེ་སྒྲུབ་པ་སྙིང་པོར་བྱས་པས་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས། དངོས་གྲུབ་ཀྱི་མཆོག་ཐོབ་སྟེ་གསོལ་ཟས་ལས་མཚན་དུ་བཏགས་པ་ལཱུ་ཧི་པ་ཞེས་བྱ་སྟེ། ཡིག་མཁན་རིགས་ལ་སྐལ་བར་ལྡན། །ཉ་ལྟོ་བཟའ་ཞིང་དངོས་གྲུབ་བརྙེས། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་རྡོ་རྗེ་གདན་པས་བསྟོད་པ་མཛད་པ་ལྟར་རོ། །དེའི་རྗེས་སུ་རང་ལུགས་ཀྱི་ཆོས་འབྱུང་དག་ལས་ནི་སྔར་གྱི་རྒྱལ་པོ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཞེས་འབྱུང་ལ། བུ་སྟོན་གྱི་ནི་ཨོ་ཌི་བི་ཤ་དང་ཉེ་བའི་གྲོང་ཁྱེར་ཞིག་ན་རྒྱལ་པོ་བི་མ་ལ་ཙཎྜ་ཞེས་པ་ཞིག་འདུལ་བའི་དུས་ལ་བབ་པར་དགོངས་ནས་ཞེས་འབྱུང་སྟེ། གང་ལྟར་ཡང་དེ་ནས་སློབ་དཔོན་གྱིས་རྒྱལ་པོའི་གྲོང་ཁྱེར་དུ་གཤེགས་སོ། །དེར་རྒྱལ་པོ་དེ་སྐྱེད་མོས་ཚལ་དུ་དགའ་སྟོན་ལ་འབྱོན་པ་ལ་གྲོང་ཁྱེར་བ་དག་གིས་ལམ་དང་སྲང་བར་ཐམས་ཅད་ཕྱག་དར་བྱས། དར་གྱི་ལྡ་ལྡི་