[A:༨༡བ]བརྒྱན་སྤོས་ཁང་དང་བཅས་གདུགས་དང་བླ་བྲེས་ཀྱང་བརྒྱན་ཏེ་སྐྱེད་མོས་ཚལ་དུ་རྒྱལ་པོའི་ཁྲི་བཤམས་པ་ལ། སློབ་དཔོན་གྱིས་སྨྱོན་པའི་ཆ་བྱད་ཀྱིས་ཁྲི་སྟེང་དུ་བཞུགས་སོ། །དེ་ནས་བྲམ་ཟེ་མདུན་ན་འདོན་བྱ་བ་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་། ཀུ་ཤ་རྣ་ལྟག་ཏུ་གཟེར། རིལ་བ་སྤྱི་བླུགས་དང་། ཚངས་སྐུད་དང་བཅས་ཏེ་ལམ་གྱི་མི་གཙང་པ་དག་པར་བྱེད་ཅིང་ཡོང་པས་སློབ་དཔོན་ཁྲིའི་སྟེང་ན་འདུག་པ་མཐོང་ནས་སླར་ལོག་སྟེ། རྒྱལ་པོ་ལ། མི་མདོག་སྔོ་བ། ཉི་ལྷགས་ཀྱིས་ཁྱེར་བ། སྐྲ་འཛིངས་པ། གོས་མེད་པ། ཉའི་རྒྱུ་མ་བཟའ་བ་ཞིག་རྒྱལ་པོའི་ཁྲིའི་སྟེང་ན་འདུག་པས་ཅི་ལྟར་ལགས་ཞུས་པས། དེ་ཐོན་ཅིག་གསུངས་པས། བྲམ་ཟེ་རྣམས་ཀྱིས་དེར་ཕྱིན་ཏེ། ཕར་སོང་བྱས་པས་འགྲོར་མ་འདོད། ལན་གཉིས་གསུམ་གྱི་བར་དུ་བྱས་ཀྱང་། ལན་མེད་པ་ལ་དེ་རྣམས་ཀྱི་ལག་པས་བཏེགས་པས། རི་བོ་ཆེན་པོ་ལ་འཇུས་པ་ལྟར་བསྒུལ་མ་ནུས་པ་ན། ཁྲེལ་ཏེ་རྒོད་པས། བྲམ་ཟེ་རྣམས་ལ་སྡང་མིག་ཏུ་ལྟ་ཞིང་། མ་ལུས་པ་འདི་ཇི་ཙམ་ཡིན་ཏེ་འཇིག་རྟེན་གསུམ་པོ་ཇི་ཙམ་ཡིན། །དེ་ཆ་ཉིད་ཀྱི་ཅིག་ནི་མི་བདག་གཞན་ཡིན་དེ་ཡི་གཡོག་ཡིན་ན། །བློ་བཟང་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་གད་བྱེད་པ་ནི། །ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་འདི་ལ་སྨྲ་མང་ཅི་ཞིག་དགོས། །ཞེས་གསུངས་ཏེ། དང་པོ་སྒྲུབ་པ་ལ་ཞུགས་ནས་དེ་བར་ཕལ་ཚིག་དེ་ལས་མ་གསུངས་པར་གྲགས་ལ། དེ་ནས་བྲམ་ཟེ་དེ་དག་སྐྱེངས་ཏེ་སླར་ལོག་ནས་རྒྱལ་པོ་ལ་སྔར་གྱི་ཚུལ་དེ་རྣམས་བསྙད་པས། རྒྱལ་པོ་ཁྲོས་ཏེ་དེའི་སྟེང་དུ་དཔུང་ཚོགས་ཐམས་ཅད་ཐོངས་ལ་བརླག་པར་གྱིས་ཤིག་ཟེར་ནས་དེ་བཞིན་བྱས་པས། སློབ་