R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨བ
[A:༨བ]ལ་ཐུབ་པ་ཉི་མ་དུ་མཆི་བར་འགྱུར་ཞུས་པས། ཐུབ་པ་སྟོང་དང་བཞི་འབྱུང་བར་འགྱུར་རོ་གསུངས་པ་དང་། དེ་ཡིས་གསོལ་པ། ཐུབ་པ་སྟོང་དང་བཞི་པོ་དེ་དག་གི་སྐུ་ཚེའི་ཚད་གདུལ་བྱ་ལ་སོགས་པ་ཇི་ཙམ་པ་དེ་ཙམ་དུ་བདག་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ལེགས་སོ་གནང་སྟེ་སངས་རྒྱས་གསལ་མཛད་ཅེས་པར་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་དགོངས་པས། རྒྱལ་པོ་ཆེན་པོ་ལ་སོགས་པ་སྲོག་ཆགས་མང་པོ་སེམས་བསྐྱེད་ཅིང་། སངས་རྒྱས་ཀྱི་ཞིང་དག་པ་ཡང་བཟུང་ཟིན་གྱི་ད་ནི་བདག་གིས་སེམས་བསྐྱེད་པར་བྱ་ཡིས་སྙམ་དུ་དགོངས་ཏེ། ཞིང་མ་དག་པ་མི་མཇེད་ཀྱི་ཞིང་། སེམས་ཅན་མ་རུངས་པ་མི་དགེ་བ་བཅུ་ཚང་བར་སྤྱོད་པ། མཚམས་མེད་ལྔ་བྱེད་པ་ཤིན་ཏུ་འདུལ་དཀའ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ནས་སྨོན་ལམ་ལྔ་བརྒྱ་བཏབ་སྟེ་བདེན་པའི་སྟོབས་བརྗོད་པས། སངས་རྒྱས་རིན་ཆེན་སྙིང་པོས་ལེགས་སོ་གནང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་པ་ནི་བཞི་སྟེ། སངས་རྒྱས་ཀྱི་ཞིང་མ་དག་པར་སྨོན་པ་དང་ཞེས་སོགས་དང་། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའ་འོ། །ཞེས་བྱ་བ་ལ་སོགས་བསྔགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་ནས། བསྐལ་པ་བཟང་པོའི་སངས་རྒྱས་ཤཱཀྱ་ཐུབ་པ་ལུང་བསྟན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐྱེས་བསྐུར། ལྷ་དང་མིའི་སྐྱེ་དགུ་ཐམས་ཅད་ཀྱིས་མཆོད་དོ། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོ་ཡང་མྱ་ངན་ལས་འདའ་བའི་ཚུལ་བསྟན། བྲམ་