R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢ན
[A:༨༢ན]དཔོན་གྱིས་སྡང་མིག་གིས་བལྟས་ནས་ཧ་ཧ་ཧི་ཧི་ཞེས་བཞད་པས། དཔུང་གི་ཚོགས་སྨྱོས་ཤིང་རེངས། ལ་ལ་བྲོས་སོ། །དེར་བློན་པོ་རིག་པ་ཅན་ཞིག་གིས་དངོས་གྲུབ་ཐོབ་པར་ཤེས་ནས་གུས་པ་བྱས་པས་གྲོལ། དེར་རྒྱལ་པོ་སྐྲག་ནས་མྱུར་བར་སློབ་དཔོན་གྱི་དྲུང་དུ་འོངས་ཏེ་བཟོད་གསོལ་ཕུལ་བས། སྔར་གྱི་རེངས་པ་རྣམས་གྲོལ་བ་ན། རྒྱལ་པོས་སློབ་དཔོན་ལ་ཁྱེད་སུ་ཡིན་གསུངས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་སུ་ཡིན་གསུངས། རྒྱལ་པོས་ང་རྒྱལ་པོ་ཡིན་བྱས་པས་ངའང་རྒྱལ་པོ་ཡིན་གསུངས། རྒྱལ་པོས་འོ་ན་ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད། མལ་སྟན་དང་། ཆུང་མ་དང་། བསིལ་གཡབ་དང་། སྒྲོན་མ་ལ་སོགས་པ་ཡོད་དམ་ཟེར་བ་ལ། སློབ་དཔོན་གྱིས། ས་གཞི་མལ་སྟན་ཆེན་པོ་ཡིན་ཏེ་ལག་པའི་བློ་བརྟན་འབོལ་བ་ཁྲི། །ཟླ་བའི་འོད་ཟེར་སྒྲོན་མ་གསལ་ཞིང་ཞི་བསིལ་རྗེས་སུ་མཐུན་པའི་རླུང་། །རྒྱ་ཆེ་ནམ་མཁའི་བླ་བྲེ་ཆགས་བྲལ་སྟོང་པའི་བུད་མེད་ལ་སྤྱོད་ཅིང་། །ཨེ་མ་རྒྱལ་ལྟར་སྲིད་ན་འཇིགས་མེད་རྣལ་འབྱོར་བདེར་ཉལ་རྒྱལ་པོ་ཡིན། །ཞེས་གསུངས་པས། རྒྱལ་བློན་གཉིས་དད་དེ། ཡང་དག་པའི་གདམས་ངག་ཞུ་ཞུས་པས། རྒྱལ་པོ་ལ་ཁྱོད་ནི་རིགས་ཀྱིས་སྙེམས་པའི་གང་ཟག་ཡིན་པས་སྣོད་དུ་མི་རུང་ངོ་གསུངས། བློན་པོ་ལ་ཁྱེད་བྲམ་ཟེ་གཙང་སྦྲ་ལ་དགའ་ཞིང་རིགས་ལ་མཆོག་ཏུ་འཛིན་པ་ཡིན། ང་རྣལ་འབྱོར་པ་ཤ་ཆང་བཟའ་ཞིང་འཐུང་པ་ལ་ཁྱོད་མོས་སམ་གསུངས་པས། རྒྱལ་པོས་རྒྱལ་སྲིད་ཀྱི་བྱ་བ་གཏོང་བར་ཁས་བླངས་ཤིང་། བློན་པོས་ཀྱང་སློབ་དཔོན་ལ་མོས་སོ་ཟེར་ནས། དཔལ་འཁོར་