[A:༨༢བ]ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། དེ་ནས་གདམས་ངག་གནང་བར་དགོངས་ཏེ། མཁྱེན་བཞིན་དུ་ཁྱོད་གཉིས་ད་ལྟ་སེམས་གང་ལ་འཕྲོ་གསུངས་པས། རྒྱལ་པོས་སྨད་འཚོང་མ་ལའོ། །བློན་པོས་ཌ་ཀིའི་སྒྲ་ལས་སོ། །ཞེས་ཟེར་བ་ན། སློབ་དཔོན་གྱིས་ཌ་ཀིའི་སྒྲ་ལས་གཞི་མཛད་དེ། ཌ་ཀིའི་སྒྲ་དེ་ཚོམ་ནས་འདུག་གི ཐོ་བ་དང་སྐྱེས་བུའི་རྩོལ་བ་སོགས་གང་ལ་འདུག་རྟོགས་ཤིག་གསུངས་པས། དེ་གཉིས་ཀྱིས་བརྟགས་པས་ཡ་བྲལ་གང་ལ་ཡང་མ་རྙེད་ནས་ཚུལ་སྨྲས་པས། སློབ་དཔོན་གྱིས། དཔེ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱང་། བླ་མའི་མན་ངག་དང་། སློབ་མའི་མོས་གུས་སོགས་རྐྱང་པ་རེ་རེ་ལས་མི་འབྱུང་བར་ཚོགས་པ་ལས་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་རྟེན་འབྲེལ་སྐྱེ་བ་མེད་པར་ཤེས་པར་གྱིས་ལ་མངོན་པར་རྟོགས་པ་སྒོམས་ཤིག་གསུངས་ནས། དཔལ་མངོན་པར་རྟོགས་པ་ཞེས་པ་གནང་ངོ་ཞེས་འབྱུང་ངོ་། །རང་ལུགས་ཀྱི་ཆོས་འབྱུང་དག་ལས་ནི། རྒྱལ་བློན་གཉིས་ལ་དབང་བསྐུར་གདམས་ངག་གནང་སྟེ། ཁྱེད་གཉིས་ཟས་ཀྱི་འཚོ་བ་ཅི་ལ་དགའ་གསུངས་པས། རྒྱལ་པོ་རྟག་ཏུ་ཆང་འཐུང་བ་དང་། བློན་པོས་གོ་བླ་ལ་དགའ་ཞེས་ཞུས་པས། རྒྱལ་པོ་ལ་ཁྱོད་ཤར་ལྷོ་ཨོ་ཊི་བི་ཤའི་བྱེ་བྲག་ཙ་རི་ཏྲ་པ་ར་ཞེས་བྱ་བར་ཆང་མང་བས་དེར་སོང་ལ་འབྲས་རྡུངས་ཤིག་ཅེས་གསུངས་ཏེ་བཏང་། བློན་པོ་ལ་ཁྱོད་ཊ་ཀི་ན་པ་ཏའི་བྱེ་བྲག་ཀཉྩི་ན་ག་རར་སྨད་འཚོང་མ་གཟུགས་བཟང་བ་ཡོད་ས་དེར་སྐྱེས་པ་བསུ་སྐྱེལ་བྱས་པ་ཐམས་ཅད་ཀྱིས་གོ་བླ་སྟེར་བས་སྨད་འཚོང་མའི་གཡོག་གྱིས་ཤིག་ཅེས་གསུངས་ཏེ་དཔལ་