R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤ན
[A:༨༤ན]འབྱུང་ལས་འབྱུང་ལ། བུ་སྟོན་གྱི་ནི། རྒྱལ་པོ་དེ་གྲུབ་པ་ཐོབ་པའི་མཚན་དྷ་རི་ཀ་པ་དང་། བློན་པོ་གྲུབ་པ་ཐོབ་པའི་མཚན་ཌེཾ་ཀི་པ་ཞེས་གྲགས་པར་བཤད་ཅིང་། རྒྱུད་པ་འཛིན་པ་ཡང་རྒྱལ་པོ་གྲུབ་པ་ཐོབ་པ་དེ་ཡིན་པར་བཤད། ཀུན་མཁྱེན་ཆེན་པོའི་ཆོས་འབྱུང་དུ་ནི། བློན་པོ་གྲུབ་པ་ཐོབ་པའི་མཚན་དྷ་རི་ཀ་པ་ཞེས་པ་དེས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ་དབང་དང་གདམས་ངག་གནང་བར་གསུངས་ནས། རྒྱུད་འཛིན་བློན་པོ་ལ་མཛད། བདག་ཉིད་ཆེན་པོ་ས་པཎ་གྱི་ཆོས་འདིའི་བརྒྱུད་པའི་གསོལ་འདེབས་གང་དྲིན་མ་ལས། རྒྱལ་པོའི་བྱ་བ་རབ་སྤངས་ཏེ། །སྤྲུལ་འཚོང་རྗེས་སུ་བསྒྲུབ་མཛད་དེ། །ཀཉྩིའི་གྲོང་དུ་གྲུབ་པ་ལ། །ཞེས་གསུངས་པ་ལྟར་རྒྱལ་པོའི་བྱ་བ་སྤངས་པ་དེ་རྒྱལ་པོ་ཉིད་ལ་ངོས་བཟུང་ན་ཀུན་མཁྱེན་གྱི་ཆོས་འབྱུང་གི་དེ་ཡི་གེ་མ་དག་པ་ཡིན་དགོས་ལ། ཡང་བློན་པོ་ཡང་རྒྱལ་པོའི་བྱ་བ་བྱེད་པ་པོ་ཡིན་པས་དེ་སྤངས་ནས་སྒྲུབ་པ་མཛད་ནས་གྲུབ་པ་བརྙེས་པས་ན། རྒྱལ་པོའི་བྱ་བ་རབ་སྤངས་ཏེ། །ཞེས་པ་དེ་བློན་པོ་ལ་སྦྱར་ན་ཀུན་མཁྱེན་རིན་པོ་ཆེའི་ཆོས་འབྱུང་དུ་བློན་པོ་གྲུབ་པ་ཐོབ་པའི་གནས་ཀཉྩི་ན་ག་རར་བཤད་པ། ཀཉྩིའི་གྲོང་དུ་གྲུབ་པ་ལ། །ཞེས་པ་དང་འགྲིག དེ་ལྟར་ན་རྡོ་རྗེ་གདན་པས་བསྟོད་པ་ལས། རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དྷ་རི་ཀ་བ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་