[A:༨༤བ]ལོ། །ཞེས་བློན་པོ་ལ་ཌེཾ་ཀི་པར་བཤད་པ་དང་། བུ་སྟོན་གྱི་དེ་ཡི་གེ་མ་དག་པར་བྱེད་དགོས་པ་འདྲ་སྙམ་སྟེ་དཔྱད་པར་བྱའོ། །དེ་དག་གང་ལྟར་ཀྱང་སློབ་དཔོན་ཆེན་པོ་དྷ་རི་ཀ་པས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་སྟེ། འདི་ནི་རྒྱ་གར་ཤར་ཕྱོགས་བྷ་རེནྟྲའི་རྒྱལ་པོའི་རིགས་སུ་འཁྲུངས་ཏེ། ཡབ་གཤེགས་ནས་བློན་པོ་སོགས་ཀྱིས་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་སྲིད་ལ་སྙིང་པོ་མེད་པར་གཟིགས་ནས་ན་ལེནྡྲར་མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ཞེས་པ་ལས་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་ལ་སྦྱངས་པ་མཛད་པས་ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོར་གྱུར། མུ་སྟེགས་དང་བརྩད་པས་རྒྱལ་བས། མཚན་དགྲ་ལས་རྣམ་རྒྱལ་དུ་གྲགས། དེའི་ཚེ་རྒྱལ་པོའི་མཆོད་གནས་ལ་བཞུགས་ཤིང་ཉན་བཤད་མཛད་པའི་ཚེ། བླ་མ་དྷ་རི་ཀ་པ་དང་མཇལ། དེས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་དང་གདམས་པ་གནང་ནས་དབེན་པར་སྒྲུབ་པ་གྱིས་ཤིག་གསུངས་པ་བཞིན་བྷཾ་ག་ལའི་ནགས་ཁྲོད་ཅིག་ཏུ་བསྒྲུབ་པ་མཛད་པའི་ཚེ། ནམ་མཁའ་ནས་རེ་ཞིག་