[A:༨༥ན]ཨུ་རྒྱན་དུ་སོངས་ཤིག དེར་ཕག་རྫི་མོ་ཞིག་གིས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་པའི་སྒྲ་བྱུང་ནས་ཕྱིན་ཏེ། ཕག་རྫི་མོ་མཐོང་ཚད་ལ་ཕྱག་བྱས་པས་ལན་ཅིག་ཀྱང་མ་བྱུང་བར་ཡིད་ཆད་ནས་ཡོད་པ་ན། རེ་ཞིག་ནས་ཕག་རྫི་མོ་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ། གོས་ཧྲུལ་ཞིང་། རེས་དགོད། རེས་ངུ་བ་ཞིག་བྱུང་པ་ལ་ཕྱག་བྱས་རྒྱུ་མཚན་དྲིས་པས་གསང་སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་ཟེར་བས། མཁའ་འགྲོ་མར་ཤེས་ཏེ་རྗེས་སུ་འཛིན་པར་ཞུས་པས། རང་གཟུགས་བསྟན་ནས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་གདམས་པ་གནང་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་གསུངས། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་གདན་གྱི་ཤར་ལྷོ་ཨོ་ཊི་བི་ཤའི་ནགས་ཁྲོད་དུ་བྱོན་ནས་དེར་བསྒྲུབ་པ་མཛད་དེ། བསྐྱེད་པའི་རིམ་པའི་དམིགས་པ་བརྟན། རིམ་པ་ལྔའི་དང་པོ་ལ་བློ་སྦྱོང་ཞིང་ཡོད་པའི་ཚེ། ཡུལ་དེའི་རྒྱལ་པོ་སྐྱོ་སངས་དང་། རི་དྭགས་ལ་འཕོང་བསླབ་པའི་དོན་དུ་ནགས་ཁྲོད་འཐུག་པོ་དེར་བྱོན་པས། རྒྱལ་པོས། སློབ་དཔོན་ཉི་ལྷགས་ཀྱིས་གདུངས་པས་གཟུགས་ཤིན་ཏུ་རིད་པ། འཚོ་བའི་ཡོ་བྱད་གང་ཡང་མེད་པ་མཐོང་བས་སྙིང་རྗེ་སྐྱེས་ནས་འཚོ་བ་ངས་བྱིན་གྱི་གྲོང་ཁྱེར་དུ་འདོང་ཟེར་བ་ལ། དེའི་ཚེ་སློབ་དཔོན་རིམ་པ་བཞི་པ་ལས་རྒྱ་བསྒྲུབ་པའི་སྐབས་སུ་སླེབས་ཏེ། མངོན་ཤེས་ཀྱིས་ལས་རྒྱ་འགྲུབ་པའི་རྟེན་འབྲེལ་དུ་དགོངས་ནས། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །དེ་ནི་རྩྭ་རྩེ་ཆུང་ངུ་བས་ཀྱང་ཆུང་བས་འབྱོར་པས་འཁྱིག་པ་མིན། །རྒྱུན་མི་ཆད་པའི་ཆང་འཛག་པ་ཡི་འགྲམ་ལང་ནག་པོར་སོང་བ་ཡི། །གླང་