[A:༨༥བ]ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་གསུངས་པས། རྒྱལ་པོ་ཁྲོས་ཏེ་དམའ་དབབ་དགོས་སྙམ་ནས། ནགས་གསེབ་ཀྱི་བཙུན་པ་འདི་སུས་དམའ་དབབ་ནུས་པ་ལ་བྱ་དགའ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་ཆང་འཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་ཤིག་ཡོད་པ་དེས་ཁས་བླངས། དགོས་པའི་ཡོ་བྱད་རྒྱལ་པོས་སྦྱར་ནས། བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ཞུས་པས་གནང་། དབང་དང་དམ་ཚིག་གི་སྣོད་རུང་དུ་གཟིགས་ནས་གནང་སྟེ། ལས་རྒྱར་མཛད་དེ་རིམ་པ་ལྔ་མཐར་ཕྱིན་གྱི་བར་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་དོ། །དེ་ནས་ཨོ་ཊི་བི་ཤ་ན་གནས་པ་དག་རྡོ་རྗེའི་ཐེག་པ་ལ་གཞུག་པ་དང་། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲང་པ་དང་། བདག་ལ་མི་མོས་པ་དག་ལྡོག་པར་བྱ་བའི་ཕྱིར་གྲོང་ཁྱེར་དུ་བཞུད་པར་བཞེད་ནས། སྤྲུལ་པའི་བུ་དང་བུ་མོ་ཞིག་ཀྱང་སྤྲུལ་ལོ། །དེ་ནས་རྒྱལ་པོས་བུ་མོ་ལ། དགེ་སློང་ཁྲིད་ཤོག་གསུངས། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སྒོ་དྲུང་དུ་བསྡུས། ཆང་གི་བུམ་པ་རིམ་པ་བཞིན་སྒྲིག་ཏུ་བཅུག་སྟེ། སྤྱན་དྲངས་པ་ན་སྤྲུལ་པའི་བུ་ནི་གཡས་ནས་རྒྱུག བུ་མོ་ནི་གཡོན་ནས་རྒྱུག སློབ་དཔོན་གྱིས་རྭའི་བཤོར་ཞལ་དུ་བཅུག་པ་ལ། ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་རིམ་པ་བཞིན་བླུགས་ནས་གྲོང་ཁྱེར་དུ་སླེབས་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་བ་དག་གིས་སྔར་སློབ་དཔོན་རང་ཉིད་ཀྱིས་གླུ་བླངས་པའི་ཚིག་འདོན་ཅིང་། རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོངས། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་འབབ་པ་ཞེས་ཐལ་མོ་བརྡབས་པ་དང་གད་མོའི་སྒྲ་བྱས་པ་ན། སློབ་དཔོན་