R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦ན
[A:༨༦ན]གྱིས་རྭའི་བཤོར་ས་ལ་བརྡབས་པས། ས་རིམ་པ་བདུན་ཕུག་སྟེ་ཆུ་ཆེན་པོ་བྱུང་། སློབ་དཔོན་ཧེ་རུ་ཀར་བྱས། བཙུན་མོ་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་རྡོ་རྗེ། བུ་མོ་དྲིལ་བུར་བྱས་ཏེ་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པ་གསོལ་ཞིང་གསོལ་བ་བཏབ་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབས་གསུངས་པ་ན། ཐམས་ཅད་ཀྱིས་ན་མོ་ལོ་ཀི་ཤྭ་ར་ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱོན་ཞིག་བྱུང་སྟེ། དེ་ལ་ཆུ་རྣམས་སྐོར་བ་ལན་བདུན་བྱས་ནས་འོག་ཏུ་སོང་ངོ་། །སྐུ་དེ་ཕྱིས་སུ་ཡང་བྱིན་རླབས་ཆེ་བར་གྲགས་ཤིང་། ཨོ་ཊི་བི་ཤ་བ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་བཙུད་དོ། །དེས་རྒྱུད་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་ནི། སློབ་དཔོན་རུས་སྦལ་ཞབས་ཏེ། རུས་སྦལ་ལྟར་ཞབས་མཐོ་ཞིང་བགས་ཀྱིས་འགྲོ་བས་སམ། སྤྱོད་པ་མཛད་པའི་ཚེ་སྤྲུལ་པའི་རུས་སྦལ་ཞིག་ལ་ཆིབས་ནས་བྱོན་པས་དེ་ལྟར་དུ་གྲགས་ལ། དེས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི། གྲུབ་ཆེན་ཛ་ལནྡྷ་རི་པ་སྟེ་འདིས་རུས་སྦལ་ཞབས་ལས་དབང་དང་གདམས་པ་མནོས། རྒྱུད་སྡེ་བཞིའི་དོན་ལ་མཁས་པར་སྦྱངས། ཡུལ་ཛ་ལནྡྷ་རར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། རྡོ་རྗེ་ཕག་མོའི་ཞལ་མངོན་སུམ་དུ་གཟིགས་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་པས་གནས་ཀྱི་སྒོ་ནས་མཚན་བཏགས་པ་དེ་ཉིད་དེ། བླ་མ་རྡོ་རྗེ་གདན་པས། རྒྱུད་སྡེ་བཞི་ཡི་དགོངས་པ་མཁས། །རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །ཛ་ལནྡྷ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས་པ་ལྟར་རོ། །