[A:༨༦བ]དེས་དབང་བསྐུར་ཅིང་རྗེས་སུ་བཟུང་བ་ནི། སློབ་དཔོན་ཀརྞ་པ་སྟེ། ནག་པོ་པ་དེ་ལ་ཡང་མང་དུ་ཡོད་པའི་ནང་ནས་ནག་པོ་སྤྱོད་པའི་རྡོ་རྗེ་ཞེས་བྱ་བ་ཡིན་ལ། འདི་ནི་ཡུལ་ལྷོ་ཕྱོགས་ཀརྞ་ཌའི་རྒྱལ་ཁམས་སུ་འཁྲུངས་པས་ཀརྞ་པ་ཞེས་བྱ། ཡང་ཀརྞ་ཞེས་པ་རྣ་བ་ལ་ཟེར་བས། སྙན་རིང་བས་ཀྱང་ཀརྞ་པར་གྲགས་སོ། །ཡང་སྐུ་མདོག་ནག་པས་ཀིཥྞ་པ་ཞེས་ཀྱང་བརྗོད་དོ། །བུ་སྟོན་རིན་པོ་ཆེས་ཤར་ཕྱོགས་བྷཾ་ག་ལའི་བྱེ་བྲག ཨོ་རུ་བི་ཤའི་ཡུལ་དུ་རྗེ་རིགས་མཆོག་ཏུ་སྐྱེ་བ་བཞེས་ནས། ཀུ་སུ་ལུའི་བླ་མ་ཞིག་ལ་དགེས་རྡོར་ཞུས། དེ་ནས་བདེ་མཆོག་ལ་སྦྱངས་པ་མཛད་པ་ཞིག་ཡིན་པར་ཡང་བཤད་ལ། གང་ལྟར་དེ་ནས་ཛ་ལནྡྷ་ར་པ་དང་མཇལ་ནས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གདམས་པ་དང་། རྗེས་སུ་གདམས་པ་མ་ལུས་པ་གནང་ནས་དབེན་པར་སྒྲུབ་པ་གྱིས་ཤིག་གསུངས་པ་བཞིན། དེའི་གདམས་ངག་ལ་བརྟེན་ནས་བསྒྲུབ་པ་མཛད་ནས་ལྟ་སྟངས་བཞི་འགྲུབ་པ་ལ་སོགས་པའི་ནུས་པ་ཅུང་ཟད་རྙེད་ནས། དེ་ནས་བླ་མས། ཁྱོད་ཨུ་རྒྱན་དུ་སོང་ལ་རྣལ་འབྱོར་མ་གཞན་གྱི་ཆ་བྱད་ལ་མ་བལྟ་བར། གྲལ་མཇུག་ན་བཞིན་མི་སྡུག་པ། ན་བཟའ་དང་ཞྭ་ཧྲུལ་བ། སོ་མི་ལེགས་པ། ཡ་སོ་མ་མཆུས་ནོན་པ་ཞིག་ཡོད་ཀྱིས། དེ་ལ་ཕྱག་དང་མེ་ཏོག་ཕུལ་ལ། སློབ་དཔོན་ཛ་ལནྡྷ་ར་བས་རྒྱན་འདི་བྱིན་གྱིས་རློབ་པར་བཏང་པ་ཡིན་ཞུས་ཤིག་གསུངས་ནས་ཕྱིན་པས། དེ་ཁོ་ན་བཞིན་བྱུང་ནས་ཞུ་བ་བྱས་པས། མཁའ་ འགྲོ་མ་དེས་ཞལ་འཛུམ་པ་མཛད་དེ་དེས་རྒྱན་ལ་སྔགས་བཟླས་བྱིན་རླབས་མཛད་ནས། འདི་སློབ་དཔོན་ཛ་ལནྡྷ་ར་པ་དང་མ་མཇལ་བར་ཁ་མ་འབྱེད་