[A:༨༧ན]ཅིག་ཅེས་གདམས་སོ། །དེ་ནས་ཁུར་ནས་ཡོང་བས་ལམ་དབེན་པ་ཞིག་ཏུ་སེམས་ཙག་ཙག་བྱེད་པས་ཁ་ཕྱེ་ནས། རྒྱན་ལུས་ལ་བཏགས་པས་ནམ་མཁའ་ལ་འགྲོ་བ་དང་། མངོན་ཤེས་ཅི་རིགས་པ་ཤར་ནས་རྒྱན་སྦེད་པའི་རྒྱུ་མཚན་དེར་འདུག་སྙམ་སྟེ་སྦས་ནས་ཁུར་འོངས་སློབ་དཔོན་ལ་ཕུལ་བས། སློབ་དཔོན་གྱིས་དགོངས་ནས་ཅུང་མ་དགེས་སོ། །དེ་ནས་སྤྱོད་པ་ལ་འགྲོ་བར་བཞེད་དེ། འཁོར་རྣམས་ལ་ང་སྤྱོད་པ་ལ་འགྲོ་བས་གྲབས་གྱིས་གསུངས་ཤིང་། སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱི་ཞལ་ནས་སྤྱོད་པ་ལ་ནུས་པ་ཐོན་དགོས་ན། ཁྱོད་ལ་ནུས་པ་ཡོད་དམ་གསུངས་པས། ཡོད་ཟེར། འོ་ན་སྟོན་དང་གསུངས་པས། དང་པོར་རི་དྭགས་ཀྲིཥྞ་ས་རི་ལ་དགུག་པའི་ལྟ་སྟངས་མཛད་པས་མདུན་དུ་ཁུགས། སྟག་ལ་རེངས་པའི་ལྟ་སྟངས་མཛད་པས་རེངས། མ་ཧེ་ལ་དབང་གི་ལྟ་སྟངས་མཛད་པས་མདུན་དུ་འོངས་ནས་སྤྱི་བོས་བཏུད་ཅིང་། ལྗོན་པའི་མེ་ཏོག་ས་ལ་ལྷུང་བའི་ལྟ་སྟངས་མཛད་པས་ལྷུང་ནུས་པ་ལ། བླ་མའི་ཞལ་ནས་དེ་ནི་ཚར་བཅད་པར་བྱ་བ་རྣམ་པར་ཤེས་པས་ཡིན་གྱི། ད་ཡེ་ཤེས་ཀྱི་ལས་རྗེས་སུ་གཟུང་བ་བྱ་དགོས་པས། དེ་རྣམས་ཁྲོལ་ཅིག་གསུངས་པས། དགྲོལ་བར་མ་ནུས་སོ། །དེ་ནས་བླ་མས་སྤྱོད་པ་བྱེད་པ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མཉམ་པ་ཚར་བཅད་རྗེས་འཛིན་གཉིས་ཀ་ནུས་པ་དགོས་པ་ཡིན་པ་ལ། ཁྱོད་ཀྱིས་རྗེས་སུ་གཟུང་མི་ནུས་པར་འདུག་པས། ད་དུང་སྤྱོད་པའི་དུས་ལ་མ་བབ་བོ་གསུངས་ནས། བླ་མས་དེ་དག་བཀྲོལ་ལོ། །དེ་ནས་སློབ་དཔོན་གྱིས་བདག་འཁོར་གྱི་ནང་དུ་འགྲོ་བར་