[A:༨༧བ]ཁས་བླངས་པས་བཤོལ་བ་ངོ་ཚ་བས། བླ་མས་རྒྱན་གནང་ན་ནུས་པས་ཅིས་ཀྱང་འགྲོ་བར་ཞུ་ཞིང་། རྒྱན་ཀྱང་གནང་བར་ཞུ་ཞུས་པས། བླ་མས་རྒྱན་གནང་ནས་ཅིས་ཀྱང་འགྲོ་ན། དེ་ཝི་ཀོ་ཏྲར་མ་འགྲོ་ཞིག་ཕྱིན་ན་མཁའ་འགྲོའི་བར་ཆད་འོང་ངོ་གསུངས། དེ་ནས་ཁོང་གིས་འཁོར་དུ་མ་དང་བཅས། གདུགས་བདུན་ནམ་མཁའ་ལ་འཛིན་པ་མེད་པར་ནམ་མཁའ་ལ་འགྲོ། ཌ་མ་རུ་བདུན་ཁྲོལ་བ་མེད་པར་ཁྲོལ། ཞབས་ཁྲུ་གང་ཙམ་ས་ལ་མ་རེག་པར་གཤེགས་ཏེ་ཤར་ཕྱོགས་བྷཾ་ག་ལར་བྱོན་པས། གངྒཱའི་འགྲམ་དུ་སླེབས་པ་དང་། དེར་མཛེ་མོ་ཞིག་བྱུང་ནས། ང་ཆུ་ལས་སྒྲོལ་གྲོང་ཁྱེར་ཕ་གིའི་འདབས་སུ་སྐྱོལ་ཟེར་བ་ལ། འདི་ཁུར་ན་རྒྱན་རྣག་ཁྲག་གིས་ཆུད་འཛའ་ཞིང་། མཛེས་གོས་ན་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་སུ་བསྒྲུབ་པའི་བར་ཆད་དུ་འགྲོ་དགོངས་ནས་མ་བསྒྲལ་བ་ན། འཁོར་གྱི་ནང་ན་ཀུ་ས་ལི་ཞིག་གིས་བསྒྲལ་བས། ཀུ་ས་ལི་དེ་ཧེ་རུ་ཀར་བྱས། མཛེ་མོ་དེ་རྣལ་འབྱོར་མར་བྱས་མཁའ་སྤྱོད་དུ་གཤེགས་པའི་ལམ་ནས། ཁྱོད་ཀྱིས་སྤྱོད་པ་མི་ནུས་པར་འདུག་གི་མ་བྱེད་ཅིས་ཀྱང་བྱེད་ན་དེ་ཝི་ཀོ་ཊར་མ་འགྲོ་གསུངས། དེ་ནི་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ཚེམ་བུ་པར་གྲགས་པ་སྟེ། རྡོ་རྗེ་གདན་པས། དགེ་ཚུལ་ལུས་ཀྱིས་མཛེ་མོ་ཁུར། །གངྒཱའི་གཞུང་ནས་མཁའ་ལ་གཤེགས། །ཚེམ་བུ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེ་ནས་ཡང་ཕར་བྱོན་པས་རྨོས་མཁན་ཞིག་དང་འཕྲད་ནས། རྨོས་མཁན་དེས་ཐུག་ཆང་ས་འོག་ན་སྦས་ནས་འདུག་པ་ལ། བསླངས་པས་མ་བྱིན་པར། མ་ཚད་ན་རྡོ་བ་