[A:༨༨ན]ཞིག་ལས་ཆུ་བག་ཙམ་འཛག་པ་ཞིག་འདུག་པས་དེ་ལས་འཐུངས་ཟེར་བ་ལ། དེས་ང་མི་ངོམ་གསུངས་པས། དེ་ན་རེ། ཁྱེད་རང་འཐུང་ནུས་པ་གྱིས་དང་ངོམ་པར་བྱ་ཡི་ཟེར་བས། སློབ་དཔོན་གྱི་འཐུངས་པས་ཆུ་མ་ཟད་པ་དང་། སྔར་ཆང་མ་བྱིན་པ་ལ་སློབ་དཔོན་ཐུགས་ཁྲོས་ནས་གླང་ལ་སྡིགས་མཛུབ་བསྟན་པས། གླང་དེ་ཤི་བ་ན། རྨོས་པ་དེས་ཁྱེད་སངས་རྒྱས་པའི་རྣལ་འབྱོར་པར་འདུག་པས། ད་འདི་རྗེས་སུ་འཛིན་དགོས་པས་གསོས་ཤིག་ཟེར་བ་ན་གསོ་བར་མ་ནུས་སོ། །དེར་རྨོས་པ་དེ་རང་གིས་གསོས་པས་སློབ་དཔོན་སྐྱེངས་ནས། དེ་ནས་ཕར་ཕྱིན་པས་སྐྱེད་མོས་ཚལ་ཞིག་ན་ཤིང་ཐོག་ཛྃ་བིར་བྱ་བ་བུ་མོ་ཞིག་གིས་སྲུང་བཞིན་འདུག་པ་ན་ཤིང་ཐོག་བསླངས་པས། ཁྱོད་རང་རྣལ་འབྱོར་པར་འདུག་པ་ནུས་པ་མེད་དམ་ནུས་པས་ཕོབ་ལ་ཟོ་ཟེར། དེར་ལྟ་སྟངས་བྱས་པས་ཤིང་ཐོག་ལྷུང་བྱུང་བ་ན། མོས་མིག་གི་རྫི་མ་བཏེགས་བྱས་པ་ཙམ་གྱིས་སླར་ཡང་འབྱར་སོང་། ཡང་ཕར་ཕྱིན་པས་ལྷ་ཁང་ཞིག་ན་མི་ཞིག་བརྒྱད་སྟོང་པ་ཀློག་ཅིང་འདུག་པ་ལ། སློབ་དཔོན་གྱིས་ཁྱོད་རྣལ་འབྱོར་པའམ། པཎྜི་ཏ་འམ། རབ་ཏུ་བྱུང་བའམ་ཅིར་གནས་གསུངས་པས། རྣལ་འབྱོར་པའི་ཆ་ལུགས་ཀྱིས་གནས་སོ་ཟེར། འོ་ན་རྣལ་འབྱོར་པ་བྱ་བ་ཀློག་བྱེད་དམ་གསུངས་པས། དེས་འོ་ན་ཁྱོད་ཀྱི་ཀློགས་དང་ཟེར་བ་ན། བཀླགས་པས་མ་ཤེས་སོ། །དེ་ནས་སློབ་དཔོན་གྱིས་ཤར་ཕྱོགས་བྷཾ་ག་ལར། རྒྱལ་པོ་ཤི་རི་སུ་ཙཎྜ་སྟེ་ཟླ་བའི་རོལ་པ་དང་། བློན་པོ་ཀུ་ཤ་ལ་ནཱ་ཐ་སྟེ་དགེ་བའི་མགོན་པོའི་གྲོང་