R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ]དང་ཉེ་བར་བྱོན་ཏེ། རྒྱལ་པོ་དེ་མུ་སྟེགས་པ་དང་། བློན་པོ་དེ་སངས་རྒྱས་པ་ཡིན་པས། བློན་པོས་སློབ་དཔོན་ཀརྞ་པ་གྲོང་ཁྱེར་ལ་བྱོན་པ་ཐོས་ནས། བསུ་བ་དང་བསྙེན་བཀུར་བྱས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་ཅི་དོན་དུ་གཉེར་གསུངས་པས། གཞན་དོན་གཉེར་མེད་བདག་གི་ལྷ་ཁང་ཞིག་ན་ཐུགས་རྗེ་ཆེན་པོའི་སྐུ་དབང་ཕྱུག་ཆེན་པོའི་གཟུགས་སུ་བྱས་པ་ཞིག་ཡོད་པས་དེ་ལ་རབ་གནས་ཤིག་ཞུའོ་ཟེར། བྱའོ་གསུངས་ཀྱང་ཡུན་རིང་པོར་བྱེད་དུ་མ་འདོད། ལན་ཅིག་གི་ཚེ་དེ་རིང་བྱའོ་གསུངས་པས། འོ་ན་ཡོ་བྱད་ཅི་འཚལ་ཟེར། ཅི་ཡང་མི་དགོས་གསུངས་ནས། སྐུའི་སྤྱི་བོར་མེ་ཏོག་ཅིག་བཞག་སྟེ་སུ་པྲ་ཏིཥྛ་ཞེས་བརྗོད་ནས། རབ་གནས་ཟིན་ནོ་གསུངས་པས། བློན་པོ་ཡིད་མ་ཆེས་པ་ན། སློབ་དཔོན་གྱིས་སྐུའི་སྤྱི་བོའི་མེ་ཏོག་བསྡུས་ནས་བྱོན་པས། སྐུ་ཡང་ཕྱི་བཞིན་གཤེགས་པ་དང་། བློན་པོ་ཡིད་ཆེས་ཏེ་གསོལ་བ་བཏབ་པས། ཡང་མེ་ཏོག་སྐུའི་སྤྱི་བོར་བཞག་སུ་པྲ་ཏིཥྛ་གསུངས་པས་སྐུ་དེ་ཉིད་དུ་བཞུགས་ཏེ་མི་མང་པོས་སྤྱན་དྲངས་ཀྱང་མ་འདྲོངས་ནས། དེར་ལྷ་ཁང་ཞིག་བཞེངས། སྔར་གྱི་ལྷ་ཁང་དུ་མཆོད་རྟེན་ཞིག་བཞེངས་སོ། །དེ་ནས་སློབ་དཔོན་ལ་དབང་ཞུས། ནང་པའི་ཡི་དམ་གྱི་རས་བྲིས་ཤིག སློབ་དཔོན། བློན་པོ། འབྲི་མཁན་གསུམ་མ་གཏོགས་གཞན་ཀུན་ལ་གསང་ནས་བྲིས་པས། གཅིག་ནས་གཅིག་ཏུ་གཏམ་རིམ་གྱིས་བརྒྱུད་ནས། རྒྱལ་པོས་བློན་པོ་གཞན་ལས་ཐོས་པས། བདེན་མི་སྲིད་གསུངས་ཡིད་མ་ཆེས་པ་ན། ཡང་ཡང་གྲགས་པས་རྒྱལ་པོ་ཐེ་ཚོམ་དུ་གྱུར་པ་ན། བློན་པོའི་གྲོགས་པོ་ཞིག་གིས་བློན་པོ་ལ། བྲིས་སྐུ་འདི་གཞན་དུ་མ་