R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩ན
[A:༨༩ན]བསྐྱལ་ན་རྒྱལ་པོའི་ཆད་པ་འོང་ངོ་ཟེར་བ་ན། བློན་པོས་ཀྱང་དེ་ལ་མཉན་ཏེ། བྲིས་སྐུ་ལ་ན་བཟའ་མང་པོ་དང་རྒྱ་མང་པོའི་བཏབ་སྟེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་བསྐུར་བས། གྲོང་ཁྱེར་གྱི་ཕྱོགས་བཞི་ན་སྒོ་བཞི་དེ་དག་ལ་སྒོ་བ་རེ་ཡོད་པའི་ལྷོ་ཕྱོགས་ཀྱི་སྒོ་བ་ན་རེ། འདི་ཙམ་གྱི་རྒྱས་འདེབས་པ་ཅི་ཡོད་ཟེར་ནས་ཕྱེ་བས་བྲིས་སྐུ་དེ་བྱུང་ནས་རྒྱལ་པོའི་ཕོ་བྲང་དུ་ཁྱེར་བས། བློན་པོ་གཞན་རྣམས་ན་རེ། རྒྱལ་པོའི་ལྷ་གདན་དུ་བྱས་པའི་བྲིས་སྐུ་འབྲི་བ་འདིའི་སྲོག་དང་ནོར་དབྲོག་པར་རིགས་སོ་ཟེར་བ་ལ། རྒྱལ་པོ་ཉིད་ཀྱིས་དེ་ནི་མི་རིགས་ཏེ། བྱ་བ་ཐམས་ཅད་བརྟགས་ཀྱིས་བྱེད་པས་ཁོ་རང་ལ་བརྟག་གོ་གསུངས་ནས། བློན་པོ་ལ་འདི་ཁྱོད་དྲན་པ་ཡིན་ན་ཁྱོད་རང་གསོད། ཁྱོད་ཀྱི་སློབ་དཔོན་དྲན་པ་ཡིན་ན་སློབ་དཔོན་གསོད་ཟེར་བ་ན། བློན་པོས་ངེད་དག་གིས་དྲན་པ་མིན། སངས་རྒྱས་པའི་རྒྱུད་ནས་བཤད་པ་ཡིན་བྱས་པས། དེ་བདེན་ན་ངེད་ཅག་ཀྱང་འདི་གདན་དུ་བྱས་པའི་འཇིགས་བྱེད་དུས་མཚན་བྲིས་ལ་བདེན་པའི་བྱིན་རླབས་འགྲན་ནོ་ཟེར། ངེད་ཀྱིས་ལྷ་ཁང་དུ་གཤིབས་ཏེ་ཞལ་གཡོགས་ཞག་བདུན་དུ་མཆོད་པ་བྱས་ལ་ཇི་ལྟར་གནས་པ་བཞིན་བྱའོ་ཟེར་ནས་ཤན་འབྱེད་པར་བྱས་སོ། །དེ་ནས་བློན་པོ་ཀུ་ཤ་ལ་ན་ཐས་ཚུལ་དེ་སློབ་དཔོན་ལ་བསྙད་པས། དེ་བཞིན་བྱའོ་གསུངས་ནས་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པའི་ཚེ་ནམ་ཕྱེད་ན་ཏིརྟི་ཀའི་མཚན་མ་འཛིན་པའི་མི་སྔོན་པོ་ཐོད་པ་ཅན་ཞིག་བྱུང་ནས་ངས་ཚོགས་དཔོན་བྱའོ་ཟེར་བ་ལ། སློབ་དཔོན་གྱིས་ང་ཉིད་རྣལ་འབྱོར་པ་ཆེན་པོ་ཡིན་པས་ཚོགས་དཔོན་ངེད་རང་གིས་བྱེད་དོ་