R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩བ
[A:༨༩བ]གསུངས་པས། ཐོད་པ་ཅན་དེ་ཧེ་རུ་ཀར་གྱུར་ནམ་མཁའ་ལ་འཕུར་ཏེ། མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཞིང་རྨོད་དེ་ཡང་ཞིང་རྨོད་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །མཛེས་ལྡན་དེ་ཡང་བུ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན། །ཀློག་མཁན་དེ་ཡང་ཀློག་མཁན་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །ཐོད་པ་ཅན་ཡང་ཐོད་པ་ཅན་མིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ཡིན། །ཚེ་འདིར་མཆོག་མིན་གཞན་དུ་གཞུང་དྲུག་རྩོམས་ཤིག་བར་དོར་སངས་རྒྱས་འགྲུབ། །ཅེས་གསུངས་པ་ན། སློབ་དཔོན་གྱིས་བདག་རྗེས་སུ་གཟུང་དུ་གསོལ་ཞེས་གསོལ་ཏེ། ཁྱོད་ཀྱི་ཞབས་ཀྱི་བརྗིད་ཀྱིས་མནན་ན་འོག་གི་རླུང་ཡང་འཇིག་འགྱུར་ཞེས་ཏེ་ཐུགས་རྗེའི་ཞབས་གཡོན་བསྐུམས་པར་མཛད། །ཁྱོད་ཀྱི་ཕྱག་རྣམས་དྲང་པོར་བསྲངས་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་བྱམས་པས་ཕྱག་རྣམས་བསྐུམས་པར་མཛད། །དབུ་ཡི་གཙུག་ཏོར་དྲང་པོར་བསྲངས་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཞེས་ཏེ་ཐུགས་རྗེས་ཅུང་ཟད་ཡོ་བར་མཛད། །རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་གར་ནི་དགོས་པ་དང་ལྡན་མཐོང་པས་དད་དེ་མཆོག་ཏུ་གུས་པས་ཁྱོད་ལ་བསྟོད། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་འབར་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་བསྟོད་ཅིང་སྨོན་ལམ་བཏབ་པས། ཧེ་རུ་ཀ་དེས་ཧ་ཧ་ཧི་ཧི་ཧོ་ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་བློན་པོས་