R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]མཚོན་པའི་ཆོས་གསུངས་པས། དེ་དག་གིས་ཀྱང་མཁའ་སྤྱོད་འགྲུབ་སྟེ་རེ་ཞིག་ཡུལ་དེ་སྟོང་པར་གྱུར་ཏོ། །དེ་ལྟར་ཡང་བླ་མ་རྡོ་རྗེ་གདན་པས། ཏིལ་བརྡུངས་མཆོག་གི་དངོས་གྲུབ་བརྙེས། །བྷཾ་ག་ལ་རུ་སངས་རྒྱས་མཇལ། །ཏི་ལོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་ཀྱང་བསྟོད་དོ། །དེས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི་རྗེ་བཙུན་ན་རོ་ཏ་པ་སྟེ། འདི་ནི་ཡབ་ཁ་ཆེ་བ་ཡིན་ཀྱང་མ་ག་དྷར་འཁྲུངས་ཏེ། བྲམ་ཟེའི་རིགས་ལ་དཀར་ནག་བརྒྱད་བརྒྱད་བཅུ་དྲུག་ཡོད་པའི་ནང་ནས་བཟང་ཤོས་ན་རོ་ཏ་པ་ཞེས་བྱ་བའི་རིགས་ཡིན་པས་མཚན་དེ་ལྟར་དུ་གྲགས། དེ་ནས་ཐོག་མར་རིག་བྱེད་ལ་སོགས་པ་ཕྱི་རོལ་པའི་ལུགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ནས། ཕྱིས་བྷྲི་ཀ་མ་ཤྲཱི་ལ་རབ་ཏུ་བྱུང་སྟེ། མཚན་ཛྙཱ་ན་སིདྡྷི་སྟེ་ཡེ་ཤེས་གྲུབ་ཅེས་བྱ་བར་གྲགས། དེ་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པ་མཛད་པས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་གྱུར་ནས་ན་ལེནྡྲ་ན་མཁས་པ་སྒོ་དྲུག་ཡོད་པའི་བྱང་སྒོ་བ་ཡིན་ཏེ། དེ་ནས་བཤད་ཉན་གྱིས་འགྲོ་བའི་དོན་མཛད་པའི་ཚེ་ཐུགས་དགོངས་ལ་བདག་ཤེས་བྱ་རིག་པའི་གནས་ལ་མཁས་ཀྱང་རང་གི་སེམས་བ་འཇོ་བའི་ནུ་མ་འཐེན་པའི་ཚད་ཙམ་དུ་ཡང་མི་གནས་པས། སེམས་གནས་པའི་གདམས་པ་ཞིག་འཚོལ་སྙམ་གནས་དབེན་པ་ཞིག་ཏུ་རྒྱུད་ཀྱི་གླེགས་བམ་ཁ་ཕྱེ་ནས་གཟིགས་རྟོག་མཛད་པའི་ཚེ། གྲིབ་མ་ཞིག་ནག་ཡོར་གྱིས་བྱུང་བ་སུ་ཡིན་བལྟས་པས། བུད་མེད་མི་སྡུག་པའི་མཚན་བཅོ་བརྒྱད་ཡོད་པ་འཇིགས་སུ་