R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]དེས་ན་ནག་དྲིལ་གཉིས་ཀྱི་བརྒྱུད་པ་ལྟར་ན་རྣམ་རྒྱལ་ནས་ཏེ་ལོ་པ་ལ་བརྒྱུད་པ་ཡིན་པས། རྣམ་རྒྱལ་དང་བར་མའི་སློབ་དཔོན་གཉིས་ཀས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི། སློབ་དཔོན་ཆེན་པོ་ཏེ་ལོ་པ་སྟེ། དང་པོར་རྒྱལ་རིགས་ལས་རབ་ཏུ་བྱུང་། མཚན་ཤེས་རབ་བཟང་པོ་ཞེས་གསོལ། ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས་སློབ་དཔོན་རྣམ་རྒྱལ་ཞབས་ལ་འཁོར་ལོ་སྡོམ་པའི་དབང་དང་གདམས་ངག་ཞུས། བླ་མས་ཁྱོད་ཤར་ཕྱོགས་སུ་སོང་ལ་ཟ་ཧོར་གྱི་གྲོང་ཁྱེར་རྒྱལ་པོ་ཨུཏྨ་སྐྱེས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀྱི་ཚོང་འདུས་ན་སྨད་འཚོང་མ་ཏིལ་རྡུང་བ་ཞིག་ཡོད་པ་དེའི་གཡོག་གྱིས་ལ་རྟོགས་པ་སྦྱོངས་ཤིག་ཅེས་ལུང་བསྟན་པ་བཞིན་བྱོན་ནས་གཡོག་མཛད་པས་མོས་ཏིལ་བརྡུང་དུ་བཅུག་པ་ན། དེ་བརྡུངས་ཤིང་ཉམས་སུ་བླངས་པས་ཏིལ་ལ་མར་གནས་ཀྱང་། བརྡུང་བ་དང་བཙིར་བ་མ་བྱས་ན་མངོན་དུ་མི་འགྱུར། དེ་བཞིན་དུ་རང་སེམས་སངས་རྒྱས་སུ་གནས་ཀྱང་ཉམས་སུ་མ་བླངས་ན་མངོན་དུ་མི་འགྱུར་དགོངས་ཉམས་སུ་བླངས་པས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་རྒྱུད་ལ་འཁྲུངས་ཏེ། རྡོ་རྗེ་འཆང་གིས་དངོས་སུ་བྱིན་གྱིས་བརླབས་ནས་ཕྱག་ཆེན་མཆོག་གི་དངོས་གྲུབ་བརྙེས། དེར་སྨད་འཚོང་མས་མཚན་མོ་ནམ་མཁར་མེ་དཔུང་འབར་བའི་དབུས་སུ་འདུག་པ་མཐོང་ནས་བཤགས་པ་བྱས་གསོལ་བ་བཏབ་པས། དབང་བསྐུར་གདམས་པ་བསྟན་ནས་མོས་ཀྱང་དངོས་གྲུབ་ཐོབ། དེ་རྒྱལ་པོས་ཐོས་པས་དྲུང་དུ་མཇལ། ཏིལ་མར་གྱི་དཔེས་