[A:༩༣ན]རུང་བ་ཞིག་རྒྱབ་ན་སྣང་བ་དེ་ན་རེ་ཁྱོད་ཀྱིས་ཀློག་པ་དེའི་དོན་ཤེས་སམ་ཚིག་ཤེས་ཟེར། ཚིག་ཤེས་བྱས་པས་དགའ། དོན་ཤེས་བྱས་པས་ངུ་བ་ན། ན་རོ་པ་ཅི་ཡིན་ངའི་ཚིག་ཤེས་པ་ལ་དགའ། དོན་ཤེས་པ་ལ་མི་དགའ་བ་གསུངས་པས། ཁྱོད་ཀྱིས་ཚིག་ཤེས་ཟེར་བ་དྲང་པོར་སྨྲས་པས་དགའ་བ་ཡིན། དོན་ཤེས་ཟེར་བ་རྫུན་དུ་འདུག་པས་མི་དགའ་བ་ཡིན་ཟེར། འོ་ན་འདིའི་དོན་ཤེས་པ་སུ་ཡོད་བྱས་པས། ངའི་མིང་པོས་ཤེས་ཟེར། མིང་པོ་སུ་ཡིན་བྱས་པས་ཏི་ལོ་པའོ་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་མཁའ་འགྲོའི་ལུང་བསྟན་ཡིན་མིན་ཡི་དམ་གྱི་བསྙེན་པ་བྱས་པས་ཤེས་སྙམ་ནས། བདེ་མཆོག་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བདུན་བྱས་པས། ཐོ་རངས་ཤིག་ནམ་མཁའ་ལས་ཁྱོད་རྒྱ་གར་ཤར་ཕྱོགས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པའི་དྲུང་དུ་སོངས་ཤིག་ཅེས་གྲགས་པས། དེ་ལྟར་བྱའོ་དགོངས་གྲོགས་རིན་ཆེན་རྡོ་རྗེ་ལ་སྦྲན་པས། དེ་ན་རེ། ཁོ་བོ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། ཀུ་སུ་ལུའི་རྐང་པ་ལ་ཕྱག་མི་འཚལ་ཟེར་ནས་འགྲོར་མ་ཉན། སློབ་དཔོན་རང་ཉིད་ཀྱིས་བྱོན་པས། རྒྱ་གར་ཤར་ཕྱོགས་ཛྭ་ར་བི་ཧར་ཞེས་བྱ་བ་དེར་བྱོན་ཏེ། མི་ཐམས་ཅད་ལ་ཏི་ལོ་པ་གང་ན་ཡོད་དྲིས་པས་རེས་འདི་རུ་འོངས། རེས་པུ་ལ་ཧ་རིའི་གཙུག་ལག་ཁང་དུ་འགྲོ་ཟེར་ནས་བཙལ་བས་མ་རྙེད། རེ་ཞིག་ན་རིམས་ནད་འཕྲོག་པའི་ལྷ་ཁང་ན་དགེ་འདུན་གྱིས་ཆོས་སྟོན་བྱེད་པའི་ཕྱི་རོལ་ན་མེ་ཕུང་ཡོད་པའི་དྲུང་དུ་ཕྱིན་པས། དེ་ན་མི་མདོག་སྔོ་བ། རིད་པ། ཉི་ལྷགས་ཀྱིས་ཁྱེར་བ། འདོམ་དཀྲིས་ཀྱི་རས་ཙམ་ལས་