[A:༩བ] ཟླ་བ་ཉ་བ་ལ་བབས་པའི་ཚེ། བཙུན་མོ་མ་སྨད་པའི་པང་པར་ཁྱེའུ་ཆོས་སེམས་དང་། དཔེ་མེད་མའི་པང་བར་ཆོས་ཀྱི་བློ་གྲོས་གཉིས་བརྫུས་ཏེ་བྱུང་ངོ་། །དེ་གཉིས་དང་བཅས་ཏེ་སངས་རྒྱས་ལ་ཆོས་ཉན་པའི་ཚེ། རྒྱལ་པོའི་ཐུགས་ལ་རྒྱལ་བུ་འདི་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་ཡིན་ན་གང་ཐོག་མར་སངས་རྒྱས་བརྟག་པ་བྱ་སྙམ་དུ་སེམས་ཏེ། གཞོན་ནུ་ཐམས་ཅད་ཀྱི་མིང་བྲིས་ནས་བུམ་པར་བཅུག ཞག་བདུན་མཆོད་པ་བྱས་ཏེ་བཙུན་མོའི་འཁོར་དང་སྲས་སྟོང་དང་གཞོན་ནུ་གཉིས་དང་བཅས་པའི་མདུན་དུ། ནང་མིའི་བུམ་པའི་ནང་ནས་མིང་རྣམས་ཕྱུང་བས། ཐོག་མར་གཞོན་ནུ་རྣམ་པར་དགའ་བའི་བློ་གྲོས་ཀྱི་མིང་བྱུང་བ་ན། ས་གཡོས་ཤིང་རོལ་མོའི་སྒྲ་བྱུང་སྟེ། དེ་ནི་འཁོར་བ་འཇིག་གོ །དེ་ནས་རྣམ་པར་རྒྱལ་བའི་སྡེ་གསེར་ཐུབ་བོ། །དབང་པོ་ཞི་བ་འོད་སྲུང་། དོན་ཐམས་ཅད་གྲུབ་པ་ཤཱཀྱ་ཐུབ་པ། སྐ་རགས་ཅན་བྱམས་པ། དེ་བཞིན་དུ་རིམ་བཞིན་བྱུང་སྟེ་སྟོང་གི་ནང་ནས་ཐ་མ་བློ་མཐའ་ཡས་ཀྱི་མིང་བྱུང་བ་དང་། བློ་མཐའ་ཡས་ལ་གཞན་རྣམས་ཀྱིས་བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས། སངས་རྒྱས་ཀྱིས་མཛད་པ་བྱས་པའི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་སྨྲས་པ་དང་། དེས། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཤིང་འདྲ། །བདག་གི་ཡིད་ལ་སེམས་ཅན་ཟད་པ་མེད་སྙམ་བགྱིད། །ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདི་དག་འགྱུར། །བདག་གི་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་གསོན་ཅིག །ཁྱོད་ཀྱི་ཚེ་ཆད་ཅི་ཙམ་པ་དག་སྡོམ་པ་དང་། །ཚོགས་ཀྱི་རྒྱ་མཚོའི་ཇི་སྙེད་དེ་དག་ཀུན་