R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]སྡོམ་པ། །ཐམས་ཅད་སྡོམ་པ་དེ་སྙེད་བདག་གི་ཚེར་འགྱུར་ཏེ། །བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་སྙེད། །ཅེས་སོགས་སྨྲས་སོ། །དེ་ནི་སངས་རྒྱས་སྟོང་གི་ཐ་མ་མོས་པ་ཞེས་པ་སྟེ། དེ་ཡང་སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་དགུ་པོ་དེ་དག་གི་ཚེ་ཚད་དང་། ཉན་ཐོས་ཀྱི་དགེ་འདུན་སོགས་ཇི་སྙེད་པ་དེ་སྙེད་དུ་བདག་ཉིད་ལ་འགྱུར་བར་སྨོན་ཅིང་མོས་པས་ན་དེ་སྐད་དུ་བརྗོད་དོ། །དེ་ནས་རྒྱལ་བུ་སྟོང་གིས་སྔར་གྱི་བརྫུས་སྐྱེས་ཀྱི་ཁྱེའུ་ཆོས་སེམས་དང་། ཆོས་ཀྱི་བློ་གྲོས་གཉིས་ལ། ཁྱེད་གཉིས་སྨོན་ལམ་ཇི་ལྟར་འདེབས་དྲིས་པས། ཆོས་སེམས་ཀྱིས་ང་ཁྱེད་ཐམས་ཅད་ཀྱི་ལག་ན་རྡོ་རྗེར་གྱུར་ཏེ། ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་ཏུ་མ་གྱུར་ལ། ཕྱི་ནང་གི་ཆོས་ཐམས་ཅད་ཉན་མོས་རྟོགས་པར་སྨོན་ལམ་བཏབ་སྟེ། དེ་ནི་ཕྱག་ན་རྡོ་རྗེ་སྟེ་སངས་རྒྱས་ཐམས་ཅད་ཀྱི་བཀའ་སྡུད་པ་པོ་དེ་ཡིན་ཞིང་། མ་འོངས་པ་ན་བསྐལ་པ་རྣམ་པར་སྦྱོང་བ་ལ། འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པར་སངས་རྒྱས་རྡོ་རྗེ་རྣལ་འབྱོར་རྣོན་པོ་ཞེས་པར་འགྱུར་བར་ལུང་བསྟན་ཏོ། །ཆོས་ཀྱི་བློ་གྲོས་ཀྱིས། སངས་རྒྱས་དེ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་གསོལ་བ་འདེབས་པ་པོར་སྨོན་ལམ་བཏབ་སྟེ། དེ་ནི་ཚངས་པ་གཙུག་ཕུད་ཅན་ནོ། །ཡབ་རྒྱལ་པོ་ཡུལ་འཁོར་བསྲུང་ནི་སངས་རྒྱས་མར་མེ་མཛད་ཡིན་ནོ། །དེས་ན་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲངས་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བ་ཡིན་ལ། འོ་ན་ཅིའི་ཕྱིར་བསྐལ་པ་བཟང་པོ་ཞེས་བརྗོད་ཅེ་