[A:༩༩ན]ཆེ་བ་མེད་པར་གྲགས་སོ། །ཡང་ཁོང་འཕྱི་བའི་ཤ་ལ་མཉེས་པས། བོད་རྣམས་ཀྱིས་དེ་ཁྱེར་ཏེ་ཕུལ་བ་ལན་ཅིག་དུས་ཀྱི་མཆོད་པའི་གཏོར་མ་ལ་འཕྱི་བའི་ཤ་ཕུལ་བས། དེ་གཏོར་སྐྱེལ་གྱིས་ཁར་བཅུག་པས་སྨྱོས་ཏེ། ཧ་ཧ་ཧི་ཧི་ཟེར་ཞིང་གཏོར་མ་ལག་པས་བཟུང་སྟེ། སླར་ལོག་ནས་བྱུང་པ་ལ་བལྟས་པས་ཁ་ན་ཕྱི་བའི་ཤ་འདུག་པ་ཕྱུང་བས་ཤི། ཡང་གྲུ་ཤ་སེར་པོ་དང་། འ་ཤ་རྒྱ་གར་གཉིས་ཀྱིས་ཕམ་ཐིང་པའི་དྲུང་དུ་ཕྱིན་ཏེ། བདེ་མཆོག་ཞུས་པས། ཇོ་བོ་ན་རེ། ཁྱོད་ང་ལ་དབང་བསྐུར་ཞུ་ན། ངས་སློབ་མ་ལ་བཤད་པ་བྱེད། མི་ཞུ་ན་ཚོགས་པ་ལ་བཤད་པ་བྱེད་གསུངས་པས། དབང་ཞུ་མ་ནུས་པར་ཚོགས་བཤད་ལས་མ་གནང་། དེར་ཡི་གེ་ཐུ་བའི་ཚེ་ཚོགས་འཁོར་བྱེད་པའི་སར། ཁོང་གཉིས་ཀྱིས། སྒྲ་ཙམ་དོན་ལ་མེད་པ་དེ། །བལ་པོ་ཕམ་ཐིང་མ་ཡིན་ནམ། །བླུན་པོ་ཁྱོད་ལ་ཅི་བྱར་ཡོད། །ངེད་རང་རྒྱ་གར་ཡུལ་དུ་འགྲོ །ཞེས་ཟེར་བས། འཇིག་རྟེན་པའི་གཏོར་མ་ནམ་མཁའ་ལ་འཕར་ཞིང་འདུག་པས། ཇོ་བོས་འདི་ཙམ་ཡིན་གསུངས་པས། དེར་བལ་པོ་བོད་སྐད་ཤེས་པ་ཞིག་ཡོད་པ་དེས། འདི་སྐད་ཟེར་གྱིན་འདུག་ཞུས་པས། ཕམ་ཐིང་པའི་གསུང་གིས། བདེན་ཁ་སང་ངས་དབང་བསྐུར་ཞུས་སློབ་བཤད་བྱེད་བྱས་པར། ཁྱེད་རང་གིས་མ་ནུས་པ་ཡིན་ཏེ། ད་ཁྱེད་རང་སོང་གསུངས་པས། ཁོང་གཉིས་སོང་སྟེ་གངྒཱ་མ་བརྒལ་བར་ཉིན་ཞག་ཕྱེད་ཀྱིས་ནད་ཀྱིས་བཏབ་སྟེ་གཉིས་ཀ་འདས་སོ། །ཡང་བལ་ཡུལ་གྱི་བྱང་ཕྱོགས་དེར་ཙཎྜི་ཀའི་སྐུ་རང་བྱོན་ཞིག་