R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩བ
[A:༩༩བ]བྱུང་། རྩིས་བྱས་པས། འདི་ལ་སྲོག་ཆགས་བྱེ་བ་ཅིག་གི་མཆོད་སྦྱིན་མ་བྱས་ན་ལོ་གསུམ་ནས་བལ་པོའི་ཡུལ་སྟོང་ནས་འགྲོ་ཟེར་བས། རྒྱལ་པོ་སྐྲག་སྟེ་སྲོག་ཆགས་བྱེ་བ་ནི་མེད་ཇི་ལྟར་བྱ། ང་ཕམ་ཐིང་པ་ལ་ཞུ་བ་ལས་ཐབས་མེད་སྙམ་ཞུས་པས། སྦྱིན་སྲེག་གི་ཡོ་བྱད་སྐྱོལ་ཅིག་གསུངས། རྒྱལ་པོས་ཏིལ་མི་ཁུར་བཅོ་བརྒྱད་དང་བཅས་སྦྱིན་སྲེག་གི་ཡོ་བྱད་ཕུལ་ཏེ། སྦྱིན་སྲེག་མཛད་པའི་དུས་སུ་སྒྲུབ་གཡོག་སོགས་དེར་ཡོད་ཀུན་གྱི་མཐོང་སྣང་ལ་ཐབ་ཀྱི་ནང་ན་ཙཎྜི་ཀའི་སྐུ་འདུག་པ་ལ། ཕྱག་ཏུ་ཏིལ་བཞག་པ་རྣམས་རེ་རེའང་ར་དང་ལུག་ལ་སོགས་པའི་སྲོག་ཆགས་སུ་གྱུར་ཏེ། དེ་དག་ཙཎྜི་ཀའི་ཁར་སྟེར་བ་མཐོང་ནས། ཙཎྜི་ཀའི་གནོད་པ་ཡང་མེད་པར་གྱུར་ཏོ། །གཞན་ཡང་ཚོགས་འཁོར་དུས་སུ་ཆང་དང་། ཤིང་ཐོག་དགུག་ནུས་པ་ལ་སོགས་པ་དམན་པ་དང་འབྲིང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཞིག་ཡིན་པར་བཤད་དོ། །དེ་ལྟ་བུའི་དཔལ་ཕམ་ཐིང་པ་ཆེན་པོ་འཇིགས་མེད་གྲགས་པ་ཞེས་མཚན་ཡོངས་སུ་གྲགས་པ་དེས་དབང་བསྐུར་ཤིང་རྒྱུད་བྱིན་གྱིས་བརླབས་པའི་སློབ་མའི་ཚོགས་མང་དུ་ཡོད་པའི་ནང་ནས། བལ་པོ་བྷ་དནྟ་ནི། སུ་མ་ཏི་ཀིཏྟི་ཏེ་བློ་གྲོས་བཟང་པོར་གྲགས་པ་འདི་གོང་དུ་བསྟན་པ་ལྟར་ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོ། སྒྲུབ་པའི་སྒོ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་ཀྱང་ཅི་རིགས་ཐོབ་པ་ཞིག་ཡིན་མོད་ཀྱང་། བལ་པོར་མུ་སྟེགས་ཀྱི་པཎྜི་ཏ་ཞིག་དང་། རྣལ་འབྱོར་མ་ཙཎྜ་ལི་ཞེས་པ་གཅིག་སྟེ་གཉིས་