R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨བ
[A:༩༨བ]འབྱོར་པའི་ཆ་ལུགས་ཀྱིས་སྒྲུབ་པ་བྱེད་ཅིང་ཡོད་པ་ལས། ལན་ཅིག་ཏེ་ཏེའི་ཐང་ལ་བསྡད་ཡོད་པས། རྒྱལ་པོའི་བཙུན་མོ་ཤིང་ཀུན་ལ་མཆོད་པ་བྱེད་དུ་བྱུང་བ་ན། ཞྭ་མ་ཕུད་པས། བཙུན་མོའི་འཁོར་དག་གིས་བརྡུངས་ཏེ་རོ་བཞིན་དུ་གྱུར་པས། ཕྱི་མོའི་བར་དུ་མ་བྱུང་ནས་བཙལ་བས། ཐལ་དོང་ཞིག་ན་རོ་བཞིན་དུ་འདུག་པ་ཁྱོགས་ལ་བཏེག་ཏེ་འོངས་པས། དེར་ཨ་ཐས་པ་ཆེན་པོའི་ཞལ་ནས། ཁྱོད་ཀྱང་འཇིག་རྟེན་ཡུལ་ཆོས་དང་འགལ་བ་བྱེད་དོན་མེད། འཁོར་དག་གིས་ཀྱང་རྣལ་འབྱོར་པ་མིའི་ཁོངས་སུ་མི་ཆུད་པ་ཡིན་པས་བརྡུངས་པ་མི་རིགས་པ་ཡིན་ཏེ། བརྡུངས་འདུག་པས། ད་འདི་ལ་ནུས་པ་ཞིག་མ་བསྟན་ན་བསྟན་པ་ལ་གནོད་གསུངས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་བཤམས། སྒོ་དམ་པར་བསྡམས་ནས་ང་ལ་སུ་ཡང་མ་འབོད་གསུངས་ཏེ་མཉམ་པར་བཞག་གོ །དེ་ནས་བཙུན་མོ་རང་གི་ཁང་པར་ཕྱིན་པས་སེམས་སྨྱོ་ཞིང་ལུས་ངག་རེངས་པར་གྱུར་པ་ན་ཅིས་ལན་བརྟགས་པས་སྔར་གྱི་དེས་ལན་པར་ཤེས་ནས། མོས་གུས་བྱས་པས་གྲོལ་ཏེ། འབྲས་མི་ཁུར་བཞི་བཅུ་དང་། དེའི་ཆ་རྐྱེན་དང་བཅས་པ་ཕུལ་ཏེ་བཟོད་གསོལ་བྱས་རྒྱལ་པོ་དང་བཙུན་མོ་གཉིས་ཕམ་ཐིང་པ་ཆེན་པོའི་ཞབས་ལ་གཏུགས་ཏེ། དེ་གཉིས་ལ་དབང་བསྐུར། བཙུན་མོའི་དོན་དུ་གོ་ཆའི་དཔའ་བོ་དྲུག་གི་སྒྲུབ་ཐབས་དང་བསྟོད་པ་ཞིག་མཛད། དེ་རྒྱ་གར་དུ་ཁྱེར་བས་སྒྲ་ཚད་པ་སུས་ཀྱང་སྐྱོན་མ་ཐོགས་ནས། དེའི་ཚེ་ན་རོ་པ་ནི་མི་བཞུགས། ལན་ཅིག་ཁོང་ལས་