[A:༡༠བ]ན། འཇིག་རྟེན་འདི་ཆགས་པའི་ཚེ་ཆུའི་དཀྱིལ་འཁོར་གྱི་ནང་ནས་གསེར་གྱི་པདྨོ་སྟོང་བྱུང་བ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་པར་བཤད་དོ། །བཞི་པ་ཁྱད་པར་དུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྟོན་པ་ཉིད་ཇི་ལྟར་བྱོན་པའི་ཚུལ་ལ་ཐེག་པ་ཐུན་མོང་བའི་སྟོན་པ་ཇི་ལྟར་བྱོན་པའི་ཚུལ་དང་། ཐུན་མོང་མ་ཡིན་པའི་སྟོན་པ་ཧེ་རུ་ཀ་ཇི་ལྟར་བྱོན་པའི་ཚུལ་གཉིས་ལས། དང་པོ་ནི། སྟོན་པ་འདི་གང་དུ་བྱོན་པའི་ཞིང་ནི་མི་མཇེད་ཀྱི་ཁམས་ཡིན་ལ་མི་མཇེད་ཅེས་པ་ཡང་བཟོད་པ་དང་དོན་གཅིག་སྟེ། ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོག་ཅིང་བཟོད་པ་སྟེ་སེམས་བསྲན་ཐུབ་པས་ན་མི་མཇེད་ཅེས་བྱ་སྟེ། སྙིང་རྗེ་པད་དཀར་ལས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་། ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཞིང་ཁམས་འདིར་སྟོན་པ་ཐུབ་པའི་དབང་པོ་ཇི་ལྟར་བྱོན་པའི་ཚུལ་ལ། ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བར་ཆད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་