R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]ལྟར། དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཚུལ། བར་དུ་ཚོགས་གཉིས་ཇི་ལྟར་བསགས་པའི་ཚུལ། མཐར་མངོན་པར་སངས་རྒྱས་པའི་ཚུལ་དང་གསུམ་ལས། དང་པོ་ནི། འདི་དག་ལ་ཐེག་པ་ཆེ་ཆུང་གི་བཤད་ཚུལ་མི་འདྲ་བ་མང་ན་ཡང་། འདིར་ཐེག་པ་ཆེན་པོའི་ལུགས་ལྟར་བཤད་ན། མདོ་སྡེ་དྲིན་ལན་བསབ་པ་ལས། སྟོན་པ་འདི་རིགས་ལ་གནས་ཀྱང་ལས་ཀྱི་ནུས་པས། ལྕགས་བསྲེགས་ཀྱི་ས་གཞི་ལ་མེའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ། ཟླ་བོ་སྟོབས་ཆུང་བས། དམྱལ་བའི་སྲུང་མ་ཨ་བང་བྱ་བས་ཡང་ཡང་བསྣུན་པས་ཤིན་ཏུ་བརྩེ་བ་སྐྱེས་ཏེ། དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། འདི་ལ་སྙིང་རྗེའི་སེམས་ཅུང་ཟད་སྐྱེད་ཅིག་ཅེས་སྨྲས་པས། དེ་ཉིད་རབ་ཏུ་ཁྲོས་ནས་མདུང་རྩེ་གསུམ་པ་བསྣུན་པས་ཚེའི་དུས་བྱས། མེའི་ཤིང་རྟའི་དམྱལ་བ་ལས་ཐར་ཏེ། བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་བར་གྱུར་ཏོ་ཞེས་འབྱུང་ལ། ཕུང་པོ་གསུམ་པ་ལས། སྟོན་པ་འདི་ཚོང་དཔོན་གྱི་བུ་མངོན་དགར་གྱུར་པ་ན། དེ་བཞིན་གཤེགས་པ་མཛེས་ཕྱིན་གྱི་དྲུང་དུ་དང་པོར་ཐུགས་བསྐྱེད་པར་བཤད་ཅིང་། བསྐལ་བཟང་དུ། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་གི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་དོ། །ཞེས་གསུངས། ཡང་སྙིང་རྗེ་པདྨ་དཀར་པོ་ལས། གོང་དུ་བཤད་པ་ལྟར་བསྐལ་པ་ཆེན་པོ་འཛིན་པ་ཞེས་པ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་