[A:༡༠༩བ]འཁྲུངས་ཤིང་། ཡབ་མེས་རྣམས་དང་གྲུབ་ཐོབ་འདར་ཆར་འགྲས་ནས་བླ་མ་འདི་བུ་ཆུང་ཞིག་ཏུ་ཡོད་པ་མ་གཏོགས་ཐམས་ཅད་མཐུས་བསྒྲལ། བུ་ཆུང་དེ་སྐྱེས་བུ་ཁྱད་པར་ཅན་ཞིག་ཡོང་བའི་རྟེན་འབྲེལ་སླར་གྲུབ་ཐོབ་དེ་ཉིད་ཀྱིས་མཛད། ཤར་པ་ཤེས་རབ་འབྱུང་གནས་ལ་རབ་ཏུ་བྱུང་། ཀྱཻ་རྡོ་རྗེའི་དབང་དང་རྒྱུད་སོགས་ཟབ་ཆོས་ཀྱང་མང་དུ་གསན། བྲག་རམ་དུ་བོ་དོང་རིན་ཆེན་བརྩོན་འགྲུས་རྡོ་རྗེ་ལ་ཕར་ཚད་སོགས་སྦྱངས། ཚོགས་བསྒོམ་པ་དང་ཉན་ཆེན་པ་སོགས་ཀྱང་བསྟེན། ཤར་པ་ཤེས་རབ་འབྱུང་གནས་པས་ཆོས་གནང་བའི་སྐབས་ཤིག ད་ལྟ་རྒྱ་བོད་ཧོར་གསུམ་ན་ཆོས་རྗེ་ས་པཎ་གྱི་དབོན་པོ་འཕགས་པ་ལས་སྤྱིར་ཡོན་ཏན་ཆེ་བ་དང་། ཁྱད་པར་ས་སྐྱ་པ་རང་གི་ཆོས་ལ་མཁས་པ་མེད་གསུངས་པས། སྔོན་གྱི་ལས་འབྲེལ་སད་དེ་དད་པ་དབང་མེད་དུ་སྐྱེས་ཏེ་ཆོས་རྒྱལ་འཕགས་པ་རྒྱ་ཡུལ་ནས་ཡར་ཕེབས་དུས། ར་མ་བ་དགེ་སློང་ཀུན་བློ་དང་གཉིས་ཀྱིས་བསུ་བ་ལ་བྱོན། དགུང་ལོ་སོ་ལྔ་པའི་ཚེ་མདོ་ཁམས་བཙོ་མདོར་མཇལ་བས། འཕགས་པའི་གསུང་གིས། དུས་ད་ལྟ་རྒྱ་བོད་ཧོར་གསུམ་གྱི་མི་མང་པོ་ངའི་གམ་དུ་ཡོང་ཡང་། ས་ཐག་རིང་ནས་ཆོས་ཁོ་ན་དོན་དུ་གཉེར་ནས་འོངས་མཁན་ཁྱེད་གཉིས་ལས་མ་བྱུང་གསུངས་ཤིན་ཏུ་དགེས་དགེས་མཛད། དེ་གཉིས་ལ་འཕགས་པའི་མན་ངག་བཀའ་བབ་ཀྱི་སློབ་མ་གཉིས་སུ་གྲགས། དུས་དེ་ནས་བཟུང་ཆོས་རྗེ་དེ་ཉིད་ཀྱི་ཞབས་པད་གུས་པ་ཆེན་པོས་བསྟེན། བདེ་ཀྱེ་གསང་གསུམ་སོགས་ས་སྐྱ་པ་ཡི་ཡབ་ཆོས་ཐམས་ཅད་ཀྱི་དབང་བཀའ་ལུང་