[A:༡༠༩ན]པོའི་ཆ་ལུགས་འཛིན། །འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ །ཞེས་ཟུར་ཟའི་ཞུ་མཆིད་ཕུལ། བསྟན་ལ་འཕེལ་འགྲིབ་འབྱུང་བར་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག །གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ །ཞེས་སོགས་ཀྱི་བཀའ་མཆིད་སྩལ། སོ་བཞི་པ་ལ་རྒྱལ་པོའི་ཕོ་བྲང་དུ་ཕེབས། དེ་དུས་དབོན་ཆེན་ཤཱཀྱ་བཟང་པོས་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་ལྷ་ཁང་ཆེན་མོའི་འགྲམ་བཏིང་། ཞེ་གཅིག་པ་ལ་སླར་ཡང་གདན་ས་ཆེན་པོར་ཕེབས། ཞེ་གསུམ་པ་ལ་རྒྱལ་པོ་ཇིམ་གྱིམ་གྱིས་སྦྱིན་བདག་མཛད་དེ་གཙང་ཆུ་མིག་རིང་མོར་ཆོས་འཁོར་ཆེན་པོ་མཛད། ཞེ་དྲུག་པ་འབྲུག་ལོ་ཟླ་བ་བཅུ་གཉིས་པའི་ཉེར་གཉིས་ལ་བདེ་བར་གཤེགས་སོ། །བདག་ཉིད་ཆེན་པོ་འདི་ལ་སློབ་མའི་མཆོག་མན་ངག་གི་བཀའ་བབ། རྒྱུད་ཀྱི་བཀའ་བབ། མགོན་པོའི་བཀའ་བབ། མཉེས་པའི་མཆོད་གཡོག ནུས་པའི་བདག་ཉིད་གཉིས། ཆེ་བའི་བདག་ཉིད་རྣམ་པ་དྲུག་ལ་སོགས་པ་རབ་ཏུ་མང་པོ་ཞིག་ཡོད་པ་ལས། མན་ངག་ཟབ་མོའི་བཀའ་བབ་ཅིང་རྒྱུད་པ་འཛིན་པ་ནི་ཞང་སྟོན་ཆེན་པོ་དཀོན་མཆོག་དཔལ་བ་སྟེ། རྗེ་འདི་སྟོན་པ་ཆོས་དབྱིངས་སུ་ཞུགས་ནས་ལོ་སུམ་སྟོང་སུམ་བརྒྱ་དང་དོན་གསུམ་ལོན་པའི་ཚེ་ར་ས་མཚལ་ཁུང་དུ་བྱོན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་བོ་དོང་བྱ་རྒོད་གཤོང་བཞེངས་མཁན། ཞང་ལྷ་བཟང་ཀླུ་དཔལ་གྱི་དབོན་རྒྱུད་དུ་