[A:༡༡༠ན]བཀའ་བཤད་བཀའ་ཀུན་བུམ་པ་གང་བྱོའི་ཚུལ་དུ་གསན། ཐུགས་སྲས་ཀྱི་མཆོག་ཏུ་མཛད་དེ། འཕགས་པ་རིན་པོ་ཆེའི་སྐུ་རིམ་ལ་བཀའ་འགྱུར་ལ་རྡུལ་དཀྲུགས། དམ་ཚིག་དང་ལྡན་པའི་སྒྲུབ་མཆོད། དགེ་འདུན་སོགས་ལ་སྦྱིན་གཏོང་དགོས་པ་ཞིག་བྱུང་བ་ན། ཆོས་རྗེ་འཕགས་པ་ཉིད་ཀྱི་གསུང་ལས། གཞན་རྣམས་ཀྱང་ཅི་འགྲུབ་གྱིས། དམ་ཚིག་ཅན་གྱིས་སྒྲུབ་མཆོད་བྱེད་དགོས་ཞང་དཀོན་མཆོག་དཔལ་བྱེད་དུ་བཅུག་པས་ཆོག་གསུངས་དམ་ཚིག་པ་མཆོག་ཏུ་བཟུང་བར་མཛད། ས་སྐྱ་པའི་ཕྱིས་ཀྱི་ཆོས་རྒྱུད་ཕལ་ཆེར་འདི་ལ་ཐུག་ཅིང་གཙང་ཆོས་ལ་བསྲེ་སླད་མི་མཛད་པས་རྒྱུད་པ་གཙང་། ཆོས་བརྒྱད་ཀྱི་བྱ་བའི་དྲི་མི་མངའ། ཉིན་མཚན་ཁོར་ཡུག་དུ་གཞན་ཕན་དང་ཐུགས་དམ་གྱིས་དུས་འདའ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྟན། བསམ་པ་ཤེས་པའི་མངོན་ཤེས་མངའ་བས་དུས་གསུམ་སྒྲིབ་མེད་དུ་གཟིགས། དགུང་ལོ་རེ་བརྒྱད་བཞེས་པའི་ཚེ་ཞི་བར་གཤེགས། གདུང་བཞུས་པ་ན། དེ་ལས་འཇམ་དབྱངས་ཨ་ར་པ་ཙ་དང་། སྤྱན་རས་གཟིགས། སྒྲོལ་མ་རྣམས་ཀྱི་སྐུ་གཟུགས་མཐེ་བོང་ཙམ་རང་འཁྲུངས་སུ་བྱོན། ཕྱིས་སུ་བདེ་མཆོག་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཀྱི་རྒྱུད་འཛིན་ལ་འདི་ལས་བཀའ་དྲིན་ཆེ་བ་མེད་པར་གྲགས་པ་ཡིན་ནོ། །དམ་པ་དེ་ཉིད་ཀྱིས་དབང་བསྐུར་ཅིང་རྒྱུད་བྱིན་གྱིས་བརླབས་པ་ནི་ན་བཟའ་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་བ་སྟེ། འདི་ནི་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས། ལོ་སུམ་སྟོང་བཞི་