R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠བ
[A:༡༡༠བ]བརྒྱ་དང་དགུ་འདས་པའི་བཅུ་པ་མེ་མོ་གླང་གི་ལོ་ར་ས་ཚོང་འཕྲང་གི་མཚལ་ཁུང་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་རིགས་སུ་འཁྲུངས། རྗེ་འདི་ཞང་དཀོན་མཆོག་དཔལ་གྱི་སྣག་དབོན་ཡིན་ཞིང་མཆེད་ལྔ་ཡོད་པའི་རྗེ་འདི་ཐ་ཆུང་། ཞང་སྟོན་ཉིད་ལས་རབ་ཏུ་བྱུང་། ཡར་སྐྱེས་ནས་ཞང་དབུས་ལ་འབྱོན་པའི་ཕྱག་ཕྱིར་འབྲངས་ཏེ། བླ་མ་སྟག་སོ་བ་རིན་ཆེན་དོན་གྲུབ་ཀྱི་དབོན་པོ་ལ་ཁ་བ་ལ་ཀྱཻ་རྡོར་ནས་གླིང་མའི་དབང་ཞང་སྟོན་དང་གཉིས་ཀས་གསན། དེ་ནས་ཞང་གི་མཆོད་གཡོག་སོགས་ཕྱག་ཕྱི་རྒྱུན་རིང་པོར་མཛད། ཤིན་ཏུ་གུས་ན་ཡང་། ཐོག་མར་ཆོས་ཡེ་མ་གནང་། དབང་གྲལ་དུ་ཕྱིན་ཀྱང་། བུ་ཚ་དེར་མ་སྡོད་གསུངས་ནས་འབུད་པ་སོགས་མདོར་ན་ན་རོ་པའི་ཏེ་ལོ་ལ་བསྟེན་པ་ལྟ་བུ་ཡུན་རིང་དུ་མཛད། དེ་ནས་སྐབས་ཤིག་དགའ་ལྡན་ཀུན་བསོད་སོགས་མང་པོ་བདག་མེད་མའི་དབང་ཞུ་བའི་ཚེ། ཁོང་རྣམས་ལ་ཞུ་གྲོགས་བཅོལ་པས། ངེད་ཀྱིས་ཞུས་པས་གནང་འོངས་ཁྱེད་རང་ངེད་ཚོ་དང་མཉམ་དུ་སྡོད་ཅིག་གསུངས་པ་བཞིན་བྱོན་པས། དེར་ང་ཕུད་གསུངས་སམ་སྙམ་པ་ན། བུ་ཚ་ཁྱོད་དེར་མ་སྡོད་གསུངས་པ་ལ། ཁོང་དག་གིས་དབོན་པོ་འདི་དད་པ་ཅན་ཕྱག་ཕྱི་ཟིན་པ་ཞིག་འོང་བར་གདའ་བས། ད་ལན་ཅིས་ཀྱང་གནང་དགོས་ཞུས་སོང་བས། འོ་ན་གྲངས་ཁ་ཡར་བའང་དགོས་འདུག་པས་དེ་ག་གྱིས་གསུངས་ནས་གནང་བས། དེར་དགའ་སྤྲོ་ཚད་ལས་འདས། དེ་ནས་བཟུང་མཉེས་པ་གསུམ་གྱིས་མཉེས་པར་མཛད། བདེ་ཀྱེ་གསང་གསུམ་སོགས་ཀྱི་དབང་བཀའ་བཤད་བཀའ་ལུང་བཀའ་སོགས་རྗེ་བཙུན་