R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡ན
[A:༡༡༡ན]ས་སྐྱ་པའི་གདམས་པའི་ཟབ་བཅུད་མ་ལུས་པ་བུམ་པ་གང་བྱོར་ནོས། སྐབས་ཤིག་ཏུ་བླ་མ་འདིས་ཞང་ལ། བདག་ལ་ཞབས་ཏོག་དགོས་པའི་སྟོབས་ཀྱིས་བསྒོམ་ལོང་ཙམ་མི་ཡོང་བར་གདའ་ཞུས་པས། རྗེའི་ཞལ་ནས། རྩེ་གཅིག་ཏུ་བསྒོམ་པ་བས་ཁྱོད་རྟོགས་པ་བཟང་བར་འདུག ཕྱིས་སུ་གཞན་ཕན་ཆེན་པོ་ཡོང་། ངའི་རྨི་ལམ་དུ། ནམ་སའི་ཕུ་གྲུབ་ཐོབ་འདར་ཆར་གྱི་དགོན་པ་ཡིན་སྙམ་པ་ཞིག་ན། ཤིང་གི་ཁྲི་ཞིག་གི་མདུན་ན་སྟན་མང་པོས་བསྐོར་བ་ཞིག་འདུག ཁྲི་འདི་སུའི་ཡིན་བྱས་པས་སློབ་དཔོན་བསོད་ནམས་དཔལ་འབྱོན་རྒྱུ་ཡིན་ཟེར་བ་ཞིག་བྱུང་། ཁྱོད་ལ་དེར་གཞན་ཕན་ཡོང་བས། དེར་ཐང་རེ་སྡོད་ཅིག་གསུངས་ལུང་བསྟན་པ་བཞིན་ཕྱིས་སུ་བྱུང་བ་ཡིན་ནོ། །གཞན་ཡང་དགའ་ལྡན་པ་ཀུན་བསོད། སྤྲུ་ལུང་ཀུན་སྨོན། ར་གཉིས་པ་རྒྱལ་རིན། གསལ་ལ་བ་བློ་གྲོས་དཔལ། བླ་མ་དཔལ་ཡེ། བླ་མ་དཔལ་སེང་། དགའ་ལྡན་པ་བཀྲ་ཤིས་དཔལ། བླ་མ་དྷརྨ་ཤྲཱི། ལོ་ཙཱ་བ་མཆོག་ལྡན་ཉན་ཆེན་པ་སོགས་དགེ་བའི་བཤེས་གཉེན་བགྲང་བ་ལས་འདས་ས་ཞིག་བསྟེན་ནས། མདོ་སྔགས་ཀྱི་ཆོས་ཚུལ་གཞལ་དུ་མེད་པ་ཞིག་ནོད་པར་མཛད། ཁྱད་པར་ཞང་དཀོན་མཆོག་དཔལ་བས། ངས་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་འདི་ཆག་པས། ཁྱེད་རང་འདི་མ་ཆག་པ་ཞིག་ལ་ཞུས་ཤིག་གསུངས་པའི་རྐྱེན་བྱས། ཉན་ཆེན་བསོད་ནམས་བརྟན་པ་ལ་ཞུས་པས། དེས་ཀྱང་བཀའ་དྲིན་ཆེན་པོས་བསྐྱངས་ཏེ། འཁོར་ལོ་བདེ་མཆོག་དྲིལ་བུ་