[A:༡༡༡བ]པ། ཕག་མོ་རྣམ་གསུམ། བདེ་མཆོག་རིམ་ལྔ། རྩ་དབུ་མ་སོགས་བདེ་མཆོག་གི་སྐོར་མང་པོ་སོགས་ཟབ་བཅུད་མང་པོས་ཐུགས་ཀྱི་བུམ་པ་གང་བར་མཛད། ལན་ཅིག་ཆོས་རྗེ་ཉན་ཆེན་པ་ལ་བླ་མ་འདིས་གསོལ་ཇ་བཟང་བ་ཞིག་ཞུས་པས། ཁྱོད་ཀྱི་ཇ་དེས་ངའི་མིག་ཅུང་མི་བདེ་བ་དེ་གསལ་དུ་སོང་། ཁྱོད་དམ་ཚིག་ཅན་དུ་འདུག དམ་ཚིག་ཅན་ལ་སྦྱིན་རྒྱུ་ཡོད་གསུངས། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཆིག་བརྒྱུད་མ་གནང་། ཏིང་ངེ་འཛིན་གྱི་རྟོགས་པ་འཁྲུངས། དེ་ནས་ཉན་ཆེན་པས། ཁྱེད་བསྒྲུབ་པ་སྙིང་པོར་གྱིས། གེགས་ཅུང་ཟད་ཡོང་སྟེ། དེ་དུས་དེ་སེལ་མཁན་ཞིག་འོང་བར་འདུག་གསུངས་པའི་ལུང་བསྟན་མཛད། དེ་ནས་ནུབ་ཅིག་སྤྱན་རས་གཟིགས་མི་དཀར་པོའི་ཆས་སུ་བྱས་ནས། སྦ་དབྱུག་ཚིགས་བརྒྱད་ཅུ་རྩ་བརྒྱད་བྱས་པ་ཞིག་གཏད། ཁྱོད་སྤྱན་རས་གཟིགས་ལ་མོས་ན་སེ་འཕྱེར་འདུམ་གྲ་ན་བཞུགས་པས་དེར་སོང་ཟེར་ནས་སྐུ་ཚེ་ཚད་ཀྱང་བསྟན་ཏེ། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་འདུལ་འཛིན་གཞོན་ནུ་གྲུབ་ལ་ཡི་གེ་དྲུག་མའི་སྒྲུབ་ཐབས་སོགས་གསན། དེ་ནས་རེ་ཞིག་ན། ད་ཤངས་ཀྱི་དཀར་པོ་བྲག་ཏུ་ཕྱིན་ཏེ་བསྒྲུབ་པ་བྱ་དགོངས་ཙ་ན་ནུབ་ཅིག་མནལ་ལམ་དུ། དགེ་སློང་དར་ཡོལ་ཞིག་བྱུང་ནས། སློབ་དཔོན་བསོད་ནམས་དཔལ། དང་པོ་བླ་མ་ཞང་གི་ལུང་བསྟན་བཞིན་བྲག་ཕུག་ཏུ་བྱོན་པ་དྲག་ལགས་སོ་ཟེར་བ་ཞིག་བྱུང་ནས། སྔར་གྱི་ཐུགས་འདུན་དེ་ལྡོག་སྟེ་ན་བཟའ་བྲག་ཕུག་ཏུ་བྱོན་ནས། དགུང་ལོ་སུམ་ཅུ་སོ་བརྒྱད་པ་ནས། དོན་བཞིའི་བར་ཐེམ་སྤངས་ཀྱི་བསྒྲུབ་པ་ལ་