[A:༡༡བ]གྱུར་པའི་ཚེ། ཞིང་ཁམས་འདིར་འགྲོ་བའི་དོན་མཛད་པར་སྨོན་ལམ་བཏབ་ཏེ་ཐུགས་ཀྱང་བསྐྱེད་པར་བཤད་དོ། །ཡང་སྟོན་པ་འདི་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ། ཁམ་སའི་བུམ་པ་གཅིག མགྲོན་བུ་ལྔ། མཆིལ་ལྷམ་ཟུང་གཅིག གདུགས་གཅིག་རྣམས་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་ཅིང་ཤཱཀྱ་ཐུབ་པ་ཞེས་པའི་མཚན་ཅན་དུ་གྱུར་པ་ཡང་སྨོན་ལམ་དེའི་སྟོབས་ལས་བྱུང་བ་ཡིན་པར་བཤད་དོ། །གཉིས་པ་བར་དུ་ཚོགས་གཉིས་ཇི་ལྟར་བསགས་པའི་ཚུལ་ལ། བསག་བྱའི་ཚོགས་ངོས་བཟུང་བ། ཇི་ཙམ་བསོག་པའི་དུས། ཇི་ལྟར་བསོག་པའི་ཚུལ་དང་གསུམ་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །ཞེས་གསུངས་པས། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་གྱུར་པའི་ཟག་བཅས་ཀྱི་དགེ་བ་དང་ཟག་མེད་ཀྱི་དགེ་བས་བསྡུས་པའི་ལས་རྣམས་ལ་ཚོགས་ཞེས་བྱ་ལ། ཚོགས་ཞེས་པའི་ངེས་ཚིག་ཀྱང་། རྒྱུན་དུ་བསྒོམ་པ་ཐོབ་ནས་ནི། །དགེ་བ་ཡང་དང་ཡང་དུ་བསྒྲུབ། །ཅེས་གསུངས་པ་ལྟར། སཾ་སྐྲྀ་ཏའི་སྐད་དུ་སམ་བྷ་ར་ཞེས་འབྱུང་། དེ་བོད་སྐད་དུ་ཚོགས་ཡིན་ཞིང་། དེ་ཡང་ས་ཏ་ན་